ཁ་ཙ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བསྐྱར་འཛུགས་འབད་མི་ རྒྱལ་ཡོངས་ཨེཆ་ཨའེ་བི་/ཨེཌསི་ལྷན་ཚོགས་དེ་ འགོ་འབྱེད་གནང་ཡོདཔ་ད་ ལྷན་ཚོགས་དེ་ནང་ ལས་སྡེ་ཁག་སོ་སོའི་ འཐུས་མི་ཚུ་ བཙུགས་ནིའི་དོན་ལས་ ལྷན་ཚོགས་བསྐྱར་འཛུགས་ཀྱི་ གྲོས་འདེབས་ཕུལ་མི་དང་འཁྲིལ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༡༣༣ པའི་ནང་ གནང་བ་གྲུབ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ མི་སྡེ་ལུ་ གནོད་ཉེན་ཆེ་དྲགས་ཡོད་མི་ ཨེཆ་ཨའེ་བི་/ཨེཌསི་ལུ་ གདོང་ལེན་དང་ བཀག་ཐབས་ཀྱི་ རྒྱལ་ཡོངས་ཐབས་བྱུས་བརྩམ་ནི་དང་ གོ་བརྡ་སྤྲོད་ནི་ལུ་དམིགས་ཏེ་ སྤྱི་ལོ་༢༠༠༤ ལུ་ འཐུས་མི་༡༨ དང་བཅསཔ་སྦེ་ གཞི་བཙུགས་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༠༦ ལུ་ འཐུས་མི་༡༡ ལུ་ མར་ཕབ་འབད་ནུག།
ད་རེས་ ལྷན་ཚོགས་བསྐྱར་འཛུགས་འབད་མིའི་ནང་ འཐུས་མི་༡༥ དང་ འཐུས་མི་དྲུང་ཆེན་ཅིག་ཡོདཔ་ད་ འཐུས་མི་ཚུ་ཡང་ ཤེས་རིག་ལྷན་ཁག་དང་ ལས་གཡོག་ལྷན་ཁག་ ནང་སྲིད་ལྷན་ཁག་ གསོ་བའི་ལྷན་ཁག་ དམག་སྡེ་ དེ་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་ གྲྭ་ཚང་ལྷན་ཚོགས་ ལྷག་བསམ་ ཞི་བའི་ལས་ཚོགས་ སྒེར་གྱི་ལས་སྡེ་ཚུ་ལས་ཡོད་པའི་གནས་ཚུལ།
