སྤྱི་ཟླ་༥ པའི་ཚེས་༡༩ ལུ་ སྤུ་ན་ཁ་རྫོང་ཁག་ ཆོས་འཁོར་ཐ་གླིང་དགོན་པའི་ ལྷ་ཁང་ཐོག་ཚད་༢ འབད་མི་ཅིག་དང་ གྲྭ་ཤག་དེ་ མེ་རྐྱེན་གྱིས་ ཐལ་བར་བརླགས་བཏང་ཡོདཔ་ད་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ ཚེ་དབང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ མེ་རྐྱེན་དེ་ དེ་ཚེ་ཕྱི་རུའི་ཆུ་ཚོད་༤.༡༥ དེ་ཅིག་ཁར་ གློག་རྒྱུན་ལུ་ སྐྱོན་ཞུགས་མི་ལས་ བྱུང་ནུག་ཟེར་ཨིན་པས། དགོན་པ་དེ་ལུ་ མེ་རྐྱེན་ཤོར་བའི་སྐོར་ ལོ་རྒྱུས་གོཝ་ཅིག་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ཚོགས་པའི་འཐུས་མི་ ཞི་གཡོགཔ་ཚུ་གིས་ དགོན་པ་དེ་ནང་ མེ་བསད་པར་ ཚ་ངེར་བཏོན་ཏེ་ སོང་ཡོད་རུང་ ནུབ་མོའི་ཆུ་ཚོད་༡༠.༣༠ དེ་ཅིག་ལས་བརྒལ་ མེ་བསད་མ་ཚུགས་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༠ ལུ་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ རྫོང་ཁག་འགོ་དཔོན་ཚུ་གིས་ ལྷ་ཁང་འཚིགས་ཤུལ་ཚུ་ སོལ་ཡོདཔ་ད་ སྤྱི་ལོ་༢༠༡༤ ཟླ་༡༢ པའི་ནང་ སྒོ་འབྱེད་འབད་མི་ ལྷ་ཁང་དེ་ སྤུ་ན་ཁ་ལས་ ཀི་ལོ་མི་ཊར་༡༥ དེ་ཅིག་ཡོད་མི་ གུ་མ་རྒེད་འོག་ནང་ཡོདཔ་ཨིན་པའི་གནས་ཚུལ།
