ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་ལུ་ བདེ་སྲུང་ཤོ་ཐེངས་༢༩ པའི་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ད་ ཤོ་ཐེངས་༢༩ པའི་ ཁས་བླངས་པ་ཚུ་ག་ར་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ རྒཔོ་ཚུ་ཨིནམ་བཞིན་དུ་ ཁོང་གི་དོན་ལུ་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་མི་དེ་ ཐེངས་དང་པ་ཨིན་པས།
བདེ་སྲུངཔ་༡༢༡ གིས་ སྦྱོང་བརྡར་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ མཇུག་བསྡུ་བའི་བསྒང་ལས་ རྒྱལ་ཁབ་ནང་ བདེ་སྲུངཔ་གི་གྱངས་ཁ་བསྡོམས་༣,༤༩༥ ལུ་ ལྷོད་ནི་ཨིནམ་ད་ བདེ་སྲུང་དེ་ མི་དབང་མངའ་ཞབས་མཆོག་གི་ བཀའ་རྒྱ་དང་འཁྲིལ་ སྤྱི་ལོ་༢༠༡༡ ལུ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ གཙུག་ལག་སློབ་སྡེའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ ན་གཞོན་ ཞི་གཡོགཔ་གོངམ་ སྤྱི་ཚོགས་ཀྱི་འཐུས་མི་ སློབ་གྲྭའི་སློབ་དཔོན་ ལྟ་བཤལ་ལམ་སྟོན་པ་ དེ་ལས་ མི་སྡེ་ཁག་སོ་སོ་དང་ ལོ་ཚད་མ་འདྲཝ་ཚུ་ལས་ ཁས་བླངས་པ་ཚུ་གིས་ བདེ་སྲུང་གི་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།