གནས་ཚུལ་མ་ཐོབ་མི་དང་ བྱིན་མ་བཏུབ་པའི་འཛོལ་བ་ ག་ལུ་ཡང་མེདཔ།

༉ བརྡ་བརྒྱུདཔ་ཚུ་གིས་ དྲང་ཁྲིམས་ལྷན་སྡེ་ལས་ གནས་ཚུལ་ཐོབ་མ་ཚུགས་པའི་ཁར་ དྲང་དཔོན་ཚུ་གིས་ གནས་ཚུལ་བྱིན་མ་བཏུབ་མིའི་ཐད་ཁར་ འཛོལ་བ་དེ་ ག་ལུ་ཡང་ མེདཔ་ཨིན་པའི་སྐོར་ལས་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ བཤད་ཅི།
དེ་ཡང་ ཁྲིམས་སྤྱི་ལས་ཚབ་ཀྱིས་འབད་བ་ཅིན་ དྲང་དཔོན་ཚུ་གིས་ འཁྲུན་ཆོད་དང་ གནད་དོན་ག་ཅིའི་ཐད་ལས་འབད་རུང་ དབྱེ་བ་མ་དཔྱད་པར་ གནས་ཚུལ་བསྡུ་ལེན་པ་ཚུ་ལུ་ ག་ཐོབ་བྱིན་མ་ཆོགཔ་སྦེ་ཡོད་ནི་དེ་གིས་ བརྡ་དོན་བྱིན་ནི་ལས་ འཛེམ་དོ་ཡོདཔ་ལས་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་ གནས་ཚུལ་ཐོབ་མ་ཚུགས་མི་དེ་ཡང་ དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ གཙོ་འཛིན་རིག་འཛིན་དབང་ཕྱུག་གིས་འབད་བ་ཅིན་ ད་རེས་ནངས་པ་ བརྡ་བརྒྱུད་དང་ དྲང་ཁྲིམས་ལྷན་སྡེ་གཉིས་ཀྱི་བར་ན་ བརྡ་དོན་བརྗེ་སོར་འབད་མ་ཚུགས་མི་དེ་ཡང་ གཅིག་ གནས་ཚུལ་བསྡུ་ལེན་པ་ཚུ་ གཞོནམ་ཨིན་པའི་ཁར་ གསརཔ་འབད་ནི་དེ་གིས་ཨིནམ་ད་ ཁོང་གིས་ དྲང་དཔོན་ཚུ་གི་ འགྲུལ་འཕྲིན་འཐུ་མ་བཏུབ་བའི་ དཀའ་ངལ་ཡོད་ལུགས་དང་ བརྡ་དོན་འཐོབ་ནིའི་དཀའ་ངལ་ དེ་ལས་ འཁྲུན་ཆོད་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ལུགས་སྐོར་ལས་ བཤདཔ་མས་ཟེར་ཨིན་པས།
དྲང་དཔོན་ཚུ་གིས་ བརྡ་བརྒྱུད་དང་གཅིག་ཁར་ ལེགས་ཤོམ་སྦེ་ འབྲེལ་བ་འཐབ་པ་ཅིན་ དེ་གིས་ མི་མང་ལུ་ གོ་བ་བརྡ་སྤྲོད་ལེགས་ཤོམ་འབད་ཚུགས་པའི་ ཁེ་ཕན་ཡོདཔ་ལས་ ད་ལས་ཕར་ ག་དེ་སྦེ་ འབད་འོང་ག་ཟེར་ དྲི་བ་བཀོད་ཡོདཔ་ཨིན།
ཁྲིམས་སྤྱི་ལས་ཚབ་ཀྱིས་འབད་བ་ཅིན་ དཀའ་ངལ་མེད་པ་ཅིན་ སེལ་ཐབས་མི་འབྱུང་ནི་ཨིནམ་ལས་ དཀའ་ངལ་དེ་ འཐོན་དགོཔ་ཅིག་ཨིན་ཟེར་ཨིནམ་ད་ དེ་མ་ཚད་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་འབད་རུང་ ཁྲིམས་ཁང་ནང་ལས་ འཁྲུན་ཆོད་འཐོབ་ནི་ རྐྱངམ་གཅིག་མེན་པར་ འཁྲུན་ཆོད་བཏང་ཚར་ཞིནམ་ལས་ མི་མང་ཡོངས་ཀྱི་ཡིག་ཆ་སྦེ་ འགྱོ་དོ་ཡོདཔ་ལས་ ཐོབ་སའི་ལམ་ གཞན་ཁར་ལས་ཡང་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འགྲུན་འཕྲིན་མ་འཐུ་བའི་ཐད་ཁར་ དྲང་དཔོན་ཚུ་གིས་ འགྲུལ་འཕྲིན་ཐོག་ལས་ སླབ་མ་ཆོག་པའི་ བཀའ་རྒྱ་ཡོདཔ་ལས་ དེ་དང་འཁྲིལ་ཏེ་ འབད་དོ་འོང་ཟེར་ཨིན་པས།
ཀུན་གསལ་གྱི་ གནས་ཚུལ་བསྡུ་ལེན་པ་ བཀྲིས་བསྟན་འཛིན་གྱིས་འབད་བ་ཅིན་ གནས་ཚུལ་ཚུ་ དྲང་དཔོན་རྐྱངམ་གཅིག་མེད་པར་ ཧེ་མ་འབད་བ་ཅིན་ ལས་བྱེདཔ་གཞན་མི་ལས་ འཐོབ་ཚུགས་དོ་ཡོདཔ་ཨིན་རུང་ ཚར་གཅིག་ ལས་བྱེདཔ་ཅིག་གིས་ ཁོ་ལུ་ གནས་ཚུལ་སླབ་ཡོད་པའི་སྐོར་ལས་ དྲང་དཔོན་གྱི་ ཚོགས་བརྡ་བཏང་པའི་ལོ་རྒྱུས་ཡོདཔ་ལས་ དེ་སྦེ་འབད་བ་ཅིན་ མ་འོངས་པར་ གནས་ཚུལ་ཐོབ་མ་ཚུགས་པའི་ དཀའ་ངལ་ཡང་ འོང་ནི་ཨིནམ་ལས་ དྲང་ཁྲིམས་ལྷན་སྡེ་གིས་ དེ་གི་སྐོར་ལས་ སླབ་གནང་དགོཔ་སྦེ་ཞུ་ཡི།
དེ་ཡང་ ཁྲིམས་སྤྱི་ལས་ཚབ་ཀྱིས་འབད་བ་ཅིན་ དེ་སྦེ་ཚོགས་བརྡ་བཏང་མི་དེ་ཡང་ གནས་ཚུལ་ལ་ལོ་ཅིག་ གནོད་འགེལ་ཅན་འོང་སྲིད་ནི་ཨིནམ་ལས་ དྲང་དཔོན་ཚུ་ཡང་ གོང་མ་ལས་བཀའ་ཡོདཔ་ལས་ དེ་དང་འཁྲིལ་ཏེ་ འབད་འབདཝ་འོང་ཟེར་ཨིན་པས།
ཨིན་རུང་ འཁྲུན་ཆོད་དེ་ བཏང་ཚར་ཞིནམ་ལས་ མི་མང་ཡོངས་ཀྱི་ཡིག་ཆ་ཨིནམ་ལས་ ག་ར་གི་ ཐོབ་ནི་དཀའ་ངལ་ཅིག་མི་འོང་ཟེར་ཨིན་པས།
དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་འབད་བ་ཅིན་ དྲང་དཔོན་ཚུ་གིས་ གནས་ཚུལ་བྱིན་པའི་སྐབས་ གཞི་རྩ་ཁག་༥ ལུ་ གཞི་བཞག་སྟེ་ སྤྲོདཔ་ཨིན་ཟེར་ཨིན་པས།
གནས་ཚུལ་བསྡུ་ལེན་པ་ ལ་ལོ་ཅིག་གིས་འབད་བ་ཅིན་ ཁྲིམས་ཚིག་ཚུ་ རྫོང་ཁ་ནང་འབད་རུང་ ཧ་གོ་མ་ཚུགས་པའི་ དཀའ་ངལ་ཡོད་ལུགས་སྐོར་ལས་ ཞུ་བའི་སྐབས་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་འབད་བ་ཅིན་ ཁྲིམས་ཀྱི་ཚིག་ཚུ་ ལཱ་ཁག་ཡོདཔ་ཤེས་ཟེར་ཨིནམ་ད་ ཨིན་རུང་ དྲང་དཔོན་དང་ ཁྲིམས་དོན་འགོ་དཔོན་ཚུ་ ཁྲིམས་ཀྱི་ཚིག་ལྷབ་ནིའི་དོན་ལུ་ ལོ་ངོ་༥ དང་༦ གི་རིང་ སློབ་སྦྱོང་འབད་མི་དེ་ དེ་ནང་མཁས་མཆོག་དགོཔ་ལས་ དེ་སྦེ་ར་ འོང་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྤྱི་ལས་ཚབ་ཀྱིས་འབད་བ་ཅིན་ དྲང་ཁྲིམས་ལྷན་སྡེ་དང་ བརྡ་བརྒྱུད་གཉིས་ ལགཔ་མཐུད་དེ་ ལཱ་འབད་དགོཔ་ ཁག་ཆེ་ཟེར་ཨིནམ་མ་ཚད་ ད་ལས་ཕར་ དྲང་ཁྲིམས་ལྷན་སྡེ་གི་ གནས་ཚུལ་བསྡུ་ལེན་པ་ཅིན་ སོ་སོར་སྦེ་ར་ བསྐོ་བཞག་གནང་པ་ཅིན་ སྟབས་བདེ་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *