༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༢༠༠ ལྷགཔ་ཅིག་ བསྐྱར་ཞིབ་དང་ ཆ་འཇོག་འབད་ནུག།
གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་ འགོ་བཙུགས་དགོ་མི་དེ་ཡང་ ནདཔ་གི་ཉེན་སྲུང་དང་ ཞབས་ཏོག་ཚུ་ ནུས་ཤུགས་ཅན་སྦེ་སྤྲོད་ཐབས་དང་ དེ་ལས་ ལཱ་འབད་ཐངས་ཚུ་ ཤོ་མཚུངས་འབད་ཐབས་ལུ་ཨིན་པས།
ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྤུས་ཚད་ཁས་ལེན་དང་ ཚད་གཞི་སྡེ་ཚན་དེ་ སྤྱི་ལོ་༢༠༡༧ ཟླ་༣ པའི་ནང་ གཞི་བཙུགས་འབད་ཞིནམ་ལས་ཚུར་ སྨན་ཁང་ནང་ བྱ་ངན་དང་ རྐྱེན་ངན་༦༠ དེ་ཅིག་ ཐོ་བཀོད་འབད་ནུག།
སྤུས་ཚད་ཁས་ལེན་དང་ ཚད་གཞི་སྡེ་ཚན་གྱི་ ལས་རིམ་སྤྱི་ཁྱབ་འགོ་དཔོན་ངོ་ཚབ་ འཇིགས་མེད་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་སྡེ་ཚན་དེ་གིས་ སྨན་ཁང་ནང་ཐོན་མི་ རྐྱེན་ངན་བྱུང་མི་ཚུ་ག་ར་ གནས་སྡུད་གཞི་མཛོད་ནང་བཞག་དོ་ཟེར་ཨིནམ་ད་ ཁོང་གིས་ རྐྱེན་ངན་ཆུང་ཀུ་ཨིན་རུང་ ཆེ་བ་ཨིན་རུང་ ག་ར་ཐོ་བཀོད་འབད་དེ་ བཞག་དོ་ཟེར་ཨིན་པས།
གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་ནང་ རྐྱེན་ངན་སྙན་ཞུ་འབད་དགོ་པའི་ སྲིད་བྱུས་ཡོད་མི་དང་འཁྲིལ་ སྨན་ཁང་ནང་ རྐྱེན་ངན་ག་ཅི་བཟུམ་འབྱུང་རུང་ དུས་ཡུན་ཆུ་ཚོད་༢༤ གི་ ནང་འཁོད་ནང་ སྤུས་ཚད་ཁས་ལེན་དང་ ཚད་གཞི་སྡེ་ཚན་ནང་ སྙན་ཞུ་འབད་དགོཔ་ཨིན་ཟེར་ཨིན་པས།
རྐྱེན་ངན་ཚུ་ ཁོང་རའི་ འགོ་དཔོན་ལུ་སླབ་དཔོན་ཨིནམ་ད་ ཁོང་གིས་ ལས་ཁུངས་ཀྱི་ འགོ་དཔོན་ལུ་སླབ་ཞིནམ་ལས་ ཁོང་གི་ཁ་ཐུག་ལས་ སྡེ་ཚན་བཟོ་ཞིནམ་ལས་ ཞིབ་དཔྱད་འབད་དེ་ དག་བཅོས་འབད་དགོཔ་ཚུ་ འབདཝ་ཨིན་ཟེར་ཨིན་པས།
སྡེ་ཚན་གྱིས་ ཞིབ་དཔྱད་འབད་མི་ སྙན་ཞུ་དེ་ སྤུས་ཚད་ཁས་ལེན་དང་ ཚད་གཞི་སྡེ་ཚན་ནང་ བཙུགས་ཞིནམ་ལས་ ཁོང་གི་ཚོགས་ཆུང་ནང་ འཐུས་མི་༡༢ ཡོད་མི་ཚུ་གིས་ གྲོས་བསྡུར་འབདཝ་ཨིན་པས།
ལས་ཁུངས་ཁག་ནང་ ནོར་བ་ཐོན་མི་ཚུ་ ཁོང་གིས་ ཚོགས་ཆུང་དེ་གིས་ གྲོས་བསྡུར་འབད་ཚར་བའི་ཤུལ་ལུ་ ལས་ཁུངས་ཁག་གི་ འགོ་དཔོན་ཚུ་ལུ་ དག་བཅོས་ག་ཅི་ར་ འབད་དགོཔ་ཨིན་ན་དང་ ངོས་ལེན་ག་ཅི་འབད་དགོཔ་ཨིན་ན་ཚུ་ ཁོང་ལུ་སླབ་སྟེ་འབདཝ་ཨིན་པས།
སྤུས་ཚད་ཁས་ལེན་དང་ ཚད་གཞི་སྡེ་ཚན་ གཞི་བཙུགས་འབད་དགོ་མི་དེ་ར་ སྨན་ཁང་ནང་ སྤུས་ཚད་ཅན་གྱི་ ཞབས་ཏོག་སྤྲོད་ཐབས་ལུ་ཨིན་པས།
གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་བསྐྱར་ཞིབ་འབད་ནིའི་དོན་ལུ་ སྤུས་ཚད་ཁས་ལེན་དང་ ཚད་གཞི་སྡེ་ཚན་གྱིས་ སྤ་རོ་ལུ་སྦེ་ ཞིང་གྲངས་༤ གི་རིང་ ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ སྨན་བཅོས་ལས་ཁུངས་༡༦ དང་ བདག་སྐྱོང་དང་དངུལ་རྩིས་སྡེ་ཚན་༦ གིས་ བཅའ་མར་གཏོགས་ནུག།
གསོ་བའི་ལྷན་ཁག་གི་ སྤུས་ཚད་ཁས་ལེན་སྡེ་ཚན་དང་ འབྲུག་སྨན་བཅོས་འཕྲོད་བསྟེན་ཚོགས་སྡེ་གི་ འགོ་དཔོན་༥༥ གིས་ ཞལ་འཛོམས་ནང་བཅའ་མར་གཏོགས་ཏེ་ གནད་ཚད་ལག་ལེན་གྱི་བྱ་བའི་གནད་སྤྱོད་ཀྱི་དོན་ཚན་༢༠༠ ལྷགཔ་ཅིག་ ཆ་འཇོག་འབད་ཚུགས་ནུག།
འཇིགས་མེད་ཆོས་སྒྲོན་གྱིས་འབད་བ་ཅིན་ ཧེ་མ་འབད་བ་ཅིན་ གནས་ཚད་ཚུ་ མང་ཤོས་ཅིག་ ལམ་སྟོན་ཞི་དེབ་ནང་ ཡོད་དེ་འབད་རུང་ ད་ལྟོ་འབད་བའི་བསྒང་ལས་ གནད་ཚད་ལག་ལེན་གྱི་བྱ་བའི་གནད་སྤྱོད་ལུ་ འགྱུར་བཅོས་འབད་ཡོདཔ་ལས་ དེ་ནང་ དམིགས་དོན་དང་ འགན་ཁུར་ཚུ་ག་ར་ གསལ་ཏོག་ཏོ་སྦེ་ འཁོད་དེ་ཡོད་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ མདོ་ཆེན་ཚེ་རིང་དབྱངས་སྒྲོན་གྱིས་ སླབ་མིའི་ནང་ ཐིམ་ཕུག་རྒྱལ་ཡོངས་སྨན་ཁང་ནང་ གནད་ཚད་ལག་ལེན་གྱི་བྱ་བའི་གནད་སྤྱོད་དེ་ ལོ་དག་པ་ཅིག་གི་ ཧེ་མ་ལས་ བཟོ་ཚར་ཏེ་ཡོད་རུང་ ད་རིས་ཀྱི་ཟླཝ་ལས་རྐྱངམ་གཅིག་ ལས་ཁུངས་ག་ར་ནང་ གནས་ཚད་ལག་ལེན་གྱི་བྱ་བའི་གནད་སྤྱོད་ཚུ་ བསྐྱར་ཞིབ་དང་ མཐའ་དཔྱད་འབད་དེ་ ལྷོད་འོང་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་འཁྲིལཝ་ད་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟན་སྨན་ཁང་ནང་ ལས་ཁུངས་རེ་ལུ་ བྱ་བའི་གནད་སྤྱོད་སོ་སོར་སྦེ་ཡོད་དེ་འབད་རུང་ ཁོང་རའི་འགན་དབང་ནིའི་ཐད་ཁར་ བྱི་བའི་གནད་སྤྱོད་ཆ་ཚང་སྦེ་ མིན་འདུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ བྱ་བའི་གནད་སྤྱོད་ཡོད་དེ་འབད་རུང་ ལས་བྱེདཔ་ཚུ་ལུ་ གོ་བ་བརྡ་སྤྲོད་ལེགས་ཤོམ་མེད་ནི་དེ་གིས་ཨིནམ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྨན་ཁང་ལུ་ བྱི་བའི་གནད་སྤྱོད་ཆ་ཚང་ཅིག་བཟོ་སྟེ་ འགན་ཁུར་ཡོད་མི་ ལས་བྱེདཔ་ཚུ་ལུ་ གོ་བ་ལེགས་ཤོམ་སྦེ་ སྤྲོད་དགོཔ་སྦེ་སླབ་ནུག།
འཇིགས་མེད་ཆོས་སྒྲོན་གྱིས་འབད་བ་ཅིན་ རྐྱེན་ངན་སྙན་ཞུ་མ་འབད་མི་དང་ དཀའ་ངལ་ཚུ་ཐོན་མི་དེ་ཡང་ ད་ལྟོ་ཚུན་ བརྡ་དོན་ལེགས་ཤོམ་མ་ཕྲོད་ནི་དེ་གིས་ཨིནམ་ལས་ ད་ལས་ཕར་ བྱ་བའི་གནད་སྤྱོད་ལག་ལེན་འཐབ་ཞིནམ་ལས་ཚུར་ དཀའ་ངལ་ཚུ་ ག་ར་སེལ་ནི་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།
སྨན་ཁང་ནང་ རང་གི་ལཱ་འབད་བའི་སྐབས་ལུ་ཡང་ ཧེ་མ་ སྤེལ་ཁང་སོ་སོར་ནང་ སློབ་སྦྱོང་འབད་འབདཝ་འབད་ནི་དེ་གིས་ ལག་ལེན་འཐབ་ཐངས་མ་འདྲཝ་འགྱོ་མི་དེ་ ངེས་བདེན་ཨིན་རུང་ བྱ་བའི་གནད་སྤྱོད་ཤོ་མཚུངས་སྦེ་ཡོད་ཞིནམ་ལས་ ལག་ལེན་འཐབ་ཐངས་ཚུ་ཡང་ ཤོ་མཚུངས་སྦེ་གྱོ་འོང་ཟེར་ཨིན་པས།
བྱ་བའི་གནནད་སྤྱོད་དེ་གིས་ སྨན་ཁང་གི་ ཞབས་ཏོག་གི་སྤུས་ཚད་ཡར་དྲག་གཏང་ནི་དང་ ཞབས་ཏོག་ཚུ་ གང་དྲག་སྦེ་བྱིན་ཚུགས་ནི་ལུ་ དམིགས་པ་བསྐྱེདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།