༉ ཀྲོང་གསར་སྟག་རྩེ་ རིག་གཞུང་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ གནས་བརྟན་དེ་ ལྕགས་སི་མཁར་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་སྦེ་ གདམ་འཐུ་འབད་ཡི།
སྤྱི་ཟླ་༣ པའི་ཚེས་༣ ལུ་ གདམ་ངོའི་འཛོམས་འདུ་ འཚོགས་པའི་སྐབས་ དོ་འགྲན་འབད་མི་ ཕོ་སྐྱེས་༢ ཐོན་ཡི།
དྲོ་པ་ཆུ་ཚོད་༩ ལས་ ཕྱི་རུ་ཆུ་ཚོད་༣ ཚུན་ ཚོགས་རྒྱན་བཙུགས་པར་འོང་མི་༥༥༡ ལས་ གནས་བརྟན་གྱིས་ ཚོགས་རྒྱན་༣༣༤ ཐོབ་སྟེ་ གདམ་འཐུ་གྲུབ་པའི་སྐབས་ དོ་འགྲན་འབད་མི་ ཚེ་རིང་རྡོ་རྗེ་གིས་ ཚོགས་རྒྱན་༢༡༧ ལས་ ཐོབ་མ་ཚུགས།ཚོགས་རྒྱན་བཙུགས་མིའི་གྲངས་སུ་ ཨམ་སྲུ་༣༤༣ དང་ ཕོ་སྐྱེས་༢༠༨ འདུག།
གདམ་འཐུ་གྲུབ་མི་ ཕུང་ཤིང་པཱམ་སྤྱི་འོག་ལས་ སྐྱེས་ལོ་༣༢ ལང་མི་ གནས་བརྟན་གྱིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དོན་ལུ་ དོ་འགྲན་འབད་མི་དེ་ཡང་ འདེམས་ངོ་ལྕོགས་གྲུབ་ཅན་དང་ ཐད་ཁར་དུ་ རྒེད་འོག་དང་ རྫོང་ཁག་ལུ་ ཕྱག་ཞུ་ཚུགས་མི་ཅིག་ བཙག་འཐུ་འབད་ནིའི་གོ་སྐབས་ སྤྲོད་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
དོ་འགྲན་འབད་མི་ ཡང་ར་ཕུང་ཤིང་སྤྱི་འོག་ལས་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ངོ་གདམ་འཐུ་འབད་ནིའི་དོན་ལུ་ མི་སེར་ཚུ་ལུ་ གོ་སྐབས་སྤྲོདཔ་མ་ཚད་ རྒྱལ་ཁ་ཐོབ་མ་ཚུགས་རུང་ བཅའ་མར་གཏོགས་ཏེ་ མི་སེར་ཚུ་དང་ ངོ་ཤེས་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
རྒེད་འོག་ནང་ལས་ གདམ་འཐུ་གྲུབ་མ་ཚུགས་རུང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ ད་རུང་ ཚོགས་པའི་འདེམས་ངོ་སྦེ་ འཛུལ་ཞུགས་འབད་ནིའི་ གོ་སྐབས་ལེན་ནི་དང་ ཡང་ཅིན་ གཙུག་ལག་ཤེས་ཡོན་སྦྱང་བརྩོན་གྱི་དོན་ལུ་ གྲ་སྒྲིག་འབད་སྡོད་འོང་ཟེར་ སླབ་ཨིན་པས།
ན་རང་རྒེད་འོག་དང་ དགྲ་མེད་རྩེ་ དེ་ལས་ ཐང་རོང་རྒེད་འོག་ཚུ་ནང་ འདེམས་ངོ་རེ་ལས་བརྒལ་ མེད་ནི་དེ་གིས་ གདམ་ངོའི་འཛོམས་འདུ་སྐབས་ མི་སེར་ཚུ་གིས་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་ཏེ་ གདམ་འཐུ་འབད་ཡོདཔ་ལས་ མཐའ་བཅད་ཀྱི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ གསལ་བསྒྲགས་ལུ་ བསྒུག་སྡོད་དགོ་ནི་ ཨིན་པས།
ད་རིས་ སྔ་ཚང་རྒེད་འོག་ནང་ འདེམས་ངོ་གི་དོན་ལུ་ དོ་འགྲན་འབད་མི་ མི་ངོམ་༢ ཐོན་མི་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་བགྲེསཔ་ བསོད་ནམས་དབང་ཕྱུག་གིས་ ལོག་དོ་འགྲན་འབད་དོ་ཡོདཔ་ད་ ནངས་པར་ ཤེར་རི་མུ་ཧཱུྂ་རྒེད་འོག་ ནང་ འདེམས་ངོ་༣ ཐོན་ཡོད་མི་ལས་༡ གདམ་འཐུ་འབད་ནི་ཨིན་པས།
ད་ལྟོ་ཚུན་ རྒེད་འོག་༡༧ ལས་ ན་རང་དང་ དགྲ་མེད་རྩེ་ ལྕགས་མཁར་ རྩ་མང་ ཙ་ཀ་གླིང་ དགོངས་འདུས་ དེ་ལས་ ཐང་ རོང་རྒེད་འོག་ཚུ་བསྡོམས་ རྒེད་འོག་༧ ནང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འདེམས་ངོ་༦ གདམ་འཐུ་འབད་ཡོདཔ་ད་ དགོངས་འདུས་དང་ ཆ་གླིང་ འབྲས༌སྤུངས༌དེ་ལས་ འགྱུར་མེད་རྒེད་འོག་༤ ནང་ འདེམས་ངོ་ཐོན་མི་ མེདཔ་ཨིན་པས།
ཨིན་རུང་ ན་རང་དང་ དགྲ་མེད་རྩེ་ བཱ་ལམ་ ཐང་རོང་ ས་གླིང་ འབྲས་སྤུངས་ སྐྱེངས་མཁར་ རྩ་མང་ རྩ་ཀ་གླིང་ སི་ལམ་སྦིས་ དེ་ལས་ མོང་སྒར་རྒེད་འོག་ཚུ་ལས་ འདེམས་ངོ་རེ་ཐོན་ཡོདཔ་ད་ ལྕགས་སི་མཁར་དང་ སྔ་ཚང་རྒེད་འོག་༢ ནང་ འདེམས་ངོ་སྦེ་ དོ་འགྲན་འབད་མི་༢ ཐོན་ཡོདཔ་ད་ ཤེར་མུ་ཧཱུྂ་རྒེད་འོག་ནང་ དོ་འགྲན་འབད་མི་༣ ཐོན་མི་དང་འབྲེལ་ བཅའ་མར་གཏོགས་མི་ འདེམས་ངོ་༡༧ ཐོན་ཏེ་འདུག།
གདམ་ངོ་འཛོམས་འདུ་མཇུག་ར་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ སྐྱེངས་མཁར་དང་ ས་གླིང་རྒེད་འོག་ནང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
ལྕགས་སི་མཁར་ལས་ བཀྲིས་ཕུན་ཚོགས།