གནམ་ལོ་ས་ཕོ་ཁྱི་ལོ་འདི་ སྨེ་བ་དགུ་དམར་འབདཝ་ལས་ གཡང་ལེགས་ཤོམ་འོང་ནི།

༉ དུས་ཅི་ རང་ལུགས་གནམ་ལོ་ས་ཕོ་ཁྱི་ལོ་འདི་ སྨེ་བ་དགུ་དམར་འབདཝ་ལས་ ཁྱིམ་ནང་གཡང་ཁུག་རེ་ རྐྱབ་ཚུགས་པ་ཅིན་ གཡང་ཆགས་འོང་ཟེར་ ཐིམ་ཕུག་སྤང་རི་ཟམ་པ་ དགེ་འདུན་གཞུང་རྩིས་མཐོ་རིམ་སློབ་གྲྭའི་ རྩིས་སློབ་ཀུན་བཟང་ཆོས་འཕེལ་གྱིས་ བཤདཔ་ཨིན་པས།
གཡང་ལེགས་ཤོམ་འོང་ནི་ཨིན་མི་དེ་ཡང་ རྩིས་ཀྱི་ལུགས་ལས་ དགུ་དམར་གཡང་གི་ མེ་ལོང་འབད་མི་ལུ་བརྟེན་ཨིན་པས།
ད་རུང་ སྐྱེས་སྨེ་དང་ བསྐོར་སྨེ་ཟེར་༢ ཡོད་མི་ལས་ སྐྱེས་སྨེ་དང་འཁྲིལ་ ཨ་ལོ་སྐྱེས་དགོཔ་བཞིན་དུ་ ལོ་འདི་ནང་ ཨ་ལོ་སྐྱེས་མི་ཚུ་ བྱ་བ་སྤྱོད་ལམ་ ག་ཅིའི་ཐད་ལས་འབད་རུང་ གཟབ་ཏོག་ཏོ་འོང་ནི་དང་ ཨ་ལོ་བུ་མང་སུ་སྐྱེས་བ་ཅིན་ ལེགས་ཤོམ་ཨིན་ཟེར་ རྩིས་སློབ་ཀུན་བཟང་ཆོས་འཕེལ་གྱིས་ བཤད་ཅི།
ལོ་འདི་ནང་ སྤྱིར་བཏང་མི་དང་ སེམས་ཅན་༢ ཆ་ར་ལུ་ ནད་ཉུང་ གཟུགས་ཁམས་འཕྲོད་བསྟེན་ཚུ་ ལེགས་ཤོམ་འོང་ནི་ཨིནམ་མ་ཚད་ ཤིང་ཐོག་དང་ འབྲུ་སྣའི་རིགས་ཚུ་ཡང་ ལེགས་ཤོམ་འོང་ནི་ཨིན་པའི་ སྔོན་བཤད་འབདཝ་ཨིན་པས།
དེ་འབདཝ་ད་ ཨ་ལོ་ཆུང་ཀུ་ཚུ་ལུ་ བདེ་སྐྱིད་འོང་ནི་ཨིན་རུང་ རྒན་ཤོས་ཚུ་ལུ་ འཚུབས་ཆ་འབྲིང་ དེ་ལས་ ན་གཞོན་ཚུ་ལུ་ འཚུབས་ཆེ་དྲགས་འོང་ནི་ཨིནམ་ལས་ དེའི་ཟློག་ཐབས་ལུ་ བསངས་ཁྲུས་འབད་ནི་དང་ འཇིག་རྟེན་དབང་ཕྱུག་བསག་ནི་ ཚོགས་འཁོར་ལ་སོགས་པ་ཚུ་ བསྐོར་དགོ་ཟེར་ རྩིས་སློབ་ཀྱིས་ བཤདཔ་ཨིན་པས།
དུས་ཅི་གི་ལོའི་ནང་ ས་སྒོ་དང་གནམ་སྒོ་ ག་ནི་ཡང་མ་ཕོག་མི་ ལོ་རྟགས་བཟང་ཤོས་དེ་ སྐྱེས་ལོ་༨ ལང་མི་ ལྕགས་ཡོས་ཕོ་མོ་༢ ཆ་ར་དང་ སྐྱེས་ལོ་༣༢ ལང་མི་ མེ་ཡོས་ལོ་པ་༢ ཨིནམ་ལས་ ས་བརྐོ་རྡོ་སློག་དང་ རྟེན་འབྲེལ་བརྩི་སྲུང་གི་ལཱ་ ག་ཅི་ར་འབད་ནི་ཡོད་རུང་ ཁོང་གིས་སྦེ་ འགོ་བཙུགས་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་པའི་ཁར་ ཕམ་༢ འཛོམས་ཤིང་ རིགས་བཟང་དྲག་དང་ མིང་བཀྲག་ལེགས་པ་ཅིག་གིས་ ལས་སྣ་འདྲང་པ་ཅིན་ གནམ་མེད་ས་མེད་ ལེགས་ཤོམ་འོང་ནི་ཨིན་པས།
ང་བཅས་ར་ ལས་སྣ་ཚུ་ ག་ཅི་ར་ འགོ་བཙུགས་རུང་ བུམ་པ་གང་བ་དང་ བུམ་པ་ཡར་འཕེལ་གྱི་ཕྱོགས་ཟེར་༢ ཡོད་མི་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལཔོ་ཚུ་གིས་ བུམ་གང་བའི་ ཕྱོགས་ལུ་དང་ སྤྱིར་བཏང་མི་སེར་ཚུ་གིས་ བུམ་པ་ཡར་འཕེལ་ཕྱོགས་ཀྱི་ཁ་ཐུག་ལུ་ བསྒོར་ཞིནམ་ལས་ འགོ་བཙུགས་དགོ་ཟེར་ རྩིས་སློབ་ཀུན་བཟང་ཆོས་འཕེལ་གྱིས་ བཤདཔ་ཨིན་པས།
གནམ་ལོ་ས་ཕོ་ཁྱི་ལོ་འདི་ནང་ ལོ་རྟགས་ཁྱིའི་རིགས་ཚུ་ག་ར་ ལོ་ཀག་ཕོག་མི་དེ་ཡང་ སྐྱེས་ལོ་༡༣ དང་༢༥།༣༧།༤༩།༦༡།༧༣ དང་༨༥ ཚུ་ཨིནམ་མ་ཚད་ ལོ་འདི་ནང་སྐྱེས་མི་ ཨ་ལོ་ཚུ་ཡང་ ལོ་ཀག་ཨིནམ་ལས་ ས་ཐག་རིང་སར་ ལམ་འགྲུལ་འབད་ནི་དང་ ནད་པའི་ཧང་གུ་ལས་དང་ ས་བརྐོ་རྡོ་སློག་འབད་སར་ འཐབ་འཛིང་འབད་སར་ ཨ་ལོ་གསར་སྐྱེས་འབད་སར་ དེ་ལས་ མི་ཤི་སར་དང་ གཉེན་སྦྱོར་འབད་སར་ འགྱོ་ནི་ཚུ་ ག་དེ་དྲག་དྲག་ འཛེམ་དགོཔ་ཨིན་པས།
སྤྱིར་བཏང་ལོ་རྟགས་འབྲུག་ཚུ་ མདུན་ཟུར་ཕོགཔ་ཨིནམ་ལས་ རང་གི་གལ་ཆེ་བའི་ ལཱ་ག་ཅི་ར་ འགོ་བཙུགས་ནི་ཡོད་རུང་ འཛེམ་དགོཔ་བཞིན་དུ་ སྟག་རྟ་ཁྱི་༣ ལས་ སྟག་དང་རྟ་༢ མཐུན་གསུམ་ཕོགཔ་ལས་ ཚ་ཆུ་སྨན་ཆུ་སྦང་ནི་ ས་ཐག་རིང་སར་ འགྲོ་འགྲུལ་འབད་ནི་དང་ ཚོང་ལཱ་འབད་ནི་ཚུ་ལས་ འཛེམ་དགོཔ་ཨིན་པས།
རྩིས་སློབ་ཀུན་བཟང་ཆོས་འཕེལ་གྱིས་ བཤད་མིའི་ནང་ ལོ་ཀག་དང་ མདུན་ཟུར་ཕོག་མི་བ་ མཐུན་གསུམ་ཕོག་མི་དེ་ དུམ་གྲ་ཅིག་འཚུབས་ཆ་འབྲིང་ཙམ་ཅིག་ཨིན་རུང་ གཞུང་རྩིས་མཐོ་རིམ་སློབ་གྲྭའི་ནང་ གཤིན་རྩིས་བལྟ་བར་ འོང་མི་ཚུ་གི་ ཐོ་བཞག་མི་དང་འཁྲིལཝ་ད་ ཤི་རྐྱེན་བྱུང་མི་ མང་ཤོས་ར་ མཐུན་གསུམ་ཕོག་མི་ ཙང་ཙ་འོང་དོ་ཡོདཔ་ལས་ མཐུན་༣ ཕོག་མི་ཚུ་གིས་ཡང་ འཛེམ་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་ལས་ དམིགས་བསལ་གྱི་ རིམ་གྲོ་རེ་འབད་བ་ཅིན་ མཐུན་གསུམ་ཕོག་པའི་སྐབས་ མཐུན་གསུམ་གྱི་ གཏོར་མཆོད་དང་ མདུན་ཟུར་གྱི་སྐབས་ལུ་ མདུན་ཟུར་གྱི་གཏོར་མཆོད་ དེ་ལས་ ལོ་ཟློག་ཕོག་པ་ཅིན་ ལོ་ཀག་གི་གླུད་དང་ བརྒྱ་བཞི་ ཚེ་སྒྲུབ་ སྒྲོལ་མ་གཡུས་ཟློག་ལ་སོགས་པ་ཚུ་ གཏང་ནི་ཡོདཔ་ལས་ དེ་ཚུ་ གཏང་ཚུགས་པ་ཅིན་ རབ་ཨིན་རུང་ སྤྱིར་བཏང་བརྒྱ་བཞི་རྐྱངམ་གཅིག་གཏང་རུང་ མ་བཏུབ་མེད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དུས་ཅི་ ལོ་ཀག་ཕོག་མི་ལས་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་དང་ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་ཚུ་ལུ་ འཚུབས་ཆ་མང་སུ་ཡོདཔ་ལས་ ལྷག་པར་དུ་ འཛེམ་དགོཔ་བཞིན་དུ་ སྤྱིར་བཏང་བསོད་ནམས་འཁོར་ལོའི་ལོ་ཟེར་ ལོ་རྟགས་བཟང་ཤོས་དེ་ ལོ་ཡོས་དང་ ལོ་ངན་པ་དེ་ ཁྱི་དང་འབྲུག་ཚུ་ ཕོགཔ་ཨིན་པས།
ད་རུང་ ལོ་འདི་ནང་ འབྱུང་བ་བཞི་ལས་ མེའི་འཇིགས་པ་མང་སུ་དང་ རླུང་འཚུབས་ཡང་ འབྱུང་ཉེན་ཡོད་པའི་ སྔོན་བཤད་འབདཝ་ཨིན་པས།
དེའི་ཟློག་ཐབས་ལུ་ རྒྱལ་བའི་གསུང་རབ་ལྷག་ནི་དང་ འབྱུང་བ་བཞིའི་ལྷ་ ཨྱོན་གུ་རུ་དང་ བླ་མ་ཞབས་དྲུང་གི་གསོལ་འདེབས་ འཇིག་རྟེག་དབང་ཕྱུག་ བར་ཆད་ལམ་སེལ་ལ་སོགས་པ་ཚུ་ བསག་དགོཔ་ཨིན་རུང་ ལོ་བསྟར་བཞིན་དུ་ སྤང་རི་ཟམ་པ་ལུ་སྦེ་ རྒྱ་ནག་སྤྱི་མདོས་གནང་མི་དེ་གིས་ མ་འཐུསཔ་མེདཔ་ཨིན་པས།
དུས་ཅི་གི་ལོ་ནང་ རང་ཟླ་༤ པ་དང་༡༠ པ་ དེ་ལས་༡༡ པ་གསུམ་ ཟླ་ནག་ཨིནམ་ལས་ གལ་ཅན་གྱི་ལཱ་ཚུ་ འབད་དགོཔ་འཐོན་པ་ཅིན་ ཟླ་ནག་མ་ཡིན་དཀར་བ་ཡིན། །ལས་དང་བྱ་བ་གཤིས་པར་ཤོག །ཟེར་འདོན་ཞིནམ་ལས་ འགོ་བཙུགས་ནི་དང་ ཡང་ཅིན་ ཟླ་ནག་གི་ སྒྲིབ་བཅོས་འབད་དེ་ འགོ་བཙུགས་རུང་ མ་བཏུབ་མེདཔ་ཨིན་པས།
ལོ་བསྟར་བཞིན་དུ་ ཟླ་ནག་དང་ ཟླ་བཟང་ཟེར་ཡོདཔ་བཞིན་དུ་ རང་ཟླ་༨ པའི་ནང་ ཚེས་གྲངས་ཚུ་ ལྷག་ཆད་དེ་ཅིག་ འཐོན་ནི་མེདཔ་ལས་ སྤྱིར་བཏང་ཟླཝ་༨ པ་དེ་ ཟླ་བཟང་སྦེ་ རྩིས་དོ་ཡོད་མི་ལུ་བརྟེན་ ལས་སྣ་ག་ཅི་ར་འབད་རུང་ ལེགས་ཤོམ་འགྱོ་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *