༉ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ལུ་ རྒྱལ་ཁབ་མཐའ་དབུས་མེད་པའི་ གཙང་ཆུ་ཚུ་ བྲེས་དོ་ཡོདཔ་ལས་ མི་ཚུ་གིས་ རིགཔ་འགྱིམ་དགོཔ་ཨིན་པས།
ཟླཝ་འདི་ནང་ མི་༣ ཆུ་གིས་ འཕྱགས་བདའ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༧ གྱི་ ཉིན་མའི་ཆུ་ཚོད་༤ དེ་ཅིག་ཁར་ མི་ཅིག་གིས་ ཁོ་རའི་ ཨང་རྒས་བྱང་སྟོར་ཤོར་མི་དེ་ འཚོལ་བར་འགྱོ་བའི་སྐབས་ རྣམ་སྲས་གླིང་ མདའ་རྐྱབ་སའི་ཐང་གི་ སྦོ་ལོགས་ཁར་ ཝང་ཆུ་ནང་ མི་གི་ཕུངམ་ཅིག་ མཐོང་ཡོད་མི་དེ་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཕུངམ་དེ་ ཆུ་ནང་ལས་བཏོན་ཏེ་ ལྟ་བའི་སྐབས་ དོརམ་ནང་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་ཅིག་ མཐོང་ཡོདཔ་ད་ ཕོ་སྐྱེས་དེ་ སྐྱེས་ལོ་༢༣ ལང་ཡོདཔ་བཞིན་དུ་ དར་དཀར་ནང་ ལྷ་མོའི་རྫིང་ཁ་ལས་ཨིན་པའི་ ངོས་འཛིན་བྱུང་ནུག།
ཨིན་རུང་ ཕོ་སྐྱེས་དེ་གི་སྐོར་ལས་ ག་གིས་ཡང་ མི་ཤེས་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༧ པའི་ ཚེས་༢ ཀྱི་ཉིན་མ་ སྐྱེས་ལོ་༡༡ ལང་མི་ ཨ་ལོ་ཅིག་ ཝང་ཆུ་གིས་ འཕྱགས་བདའ་ཡོདཔ་ད་ མཐོང་མི་ཅིག་གིས་ བཤད་མི་དང་འཁྲིལཝ་ད་ ཚེ་འདས་ཨ་ལོ་དེ་དང་ ཁོ་རའི་ ཕོ་རྒནམ་དང་ཆ་རོགས་ཚུ་ རྩལ་རྐྱབ་སྟེ་ སྡོད་པའི་སྐབས་ ཆུ་གིས་ འཕྱགས་བདའ་ཡོདཔ་ མཐོང་ཅི་ཟེར་ཨིན་པས།
ད་རུང་ ཧཱ་གི་ ཁྲིམས་སྲུང་འགག་པ་གིས་ ཧཱ་ཆུ་ནང་ལས་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་ཅིག་གི་ ཕུངམ་ཐོབ་ཡོདཔ་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ དར་དཀར་ནང་ལས་ཨིནམ་ད་ ཧཱ་ལུ་ ཁོ་རའི་ཕམ་དང་ གནས་ཚང་གཅིག་ཁར་ འཕྲལ་འཕྲལ་ཤིང་དྲྭ་ཁང་ནང་དང་ འཕྲལ་འཕྲལ་ བྱང་ཀ་ན་སློབ་གྲྭ་ནང་ ལཱ་འབད་སྡོད་དོ་ཡོདཔ་ད་ ཁོ་ལུ་ ཨ་ལོ་གཅིག་ཡོདཔ་ཨིན་པས།
ཧཱ་གི་ ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ ཚེ་འདས་ཕོ་སྐྱེས་དེ་ ཆང་འཐུང་ཡི་ར་ སྡོད་མི་ཅིག་ཨིནམ་ད་ ཁོ་གིས་ མང་ཤོས་ཅིག་ ཧཱ་ཆུ་ནང་ ཉ་བཟུང་སྟེ་ར་ སྡོད་མི་ཅིག་ཨིན་ཟེར་ཨིན་པས།
ཚེ་འདས་ཀྱི་ གནས་ཚང་གིས་ སླབ་མིའི་ནང་ ཁྱིམ་ནང་ འོང་ནི་མེདཔ་ལས་ ཆ་རོགས་དང་ སྤུན་ཆ་ཚུ་གིས་ འཚོལ་བར་འགྱོ་བའི་སྐབས་ ཧཱ་ཆུ་ནང་ ཕུངམ་མཐོང་པའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ ཕུངམ་བཏོན་ཏེ་ བཟའ་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གནམ་བྱཱར་གྱི་ ཆར་ཆུའི་སྐབས་ རྒྱལ་ཁབ་མཐའ་དབུས་མེད་པའི་ གཙང་ཆུ་དང་ རོང་ཆུ་ཚུ་ བྲེས་མི་དང་བསྟུན་ ཉེན་ཁ་ཡོདཔ་ལས་ ཉ་བཟུང་ནི་དང་ རྩལ་རྐྱབ་ནི་ཚུ་ལས་ འཛེམ་དགོཔ་ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།