༉ དུས་ཅི་ལས་ འགོ་བཙུགས་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ ལོ་ཕྱེད་ཀྱི་ ཆོས་རྒྱུགས་རྐྱབ་ཚར་ཞིནམ་ལས་ ཟླཝ་གཅིག་གི་རིང་ ངལ་གསོ་འཐོབ་ནི་ཨིན་མས།
དེ་འབདཝ་ད་ ང་བཅས་རའི་ སློབ་ཕྲུག་ཨ་ལོ་ཚུ་གིས་ གནམ་བྱཱར་གྱི་ངལ་གསོ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་དེ་ ཕམ་ཚུ་ལུ་ འགན་ཁུར་ཕོགཔ་ཨིན་མས།
གནམ་བྱཱར་གྱི་ངལ་གསོ་ ཡུན་རིངམོ་སྦེ་ བཞག་དགོ་པའི་གནད་དོན་དེ་ཡང་ ང་བཅས་རའི་ ཨ་ལོ་ཚུ་གིས་ རང་སོའི་གཡུས་ཁར་ འགྱོ་ཞིནམ་ལས་ སོ་ནམ་ཞིང་ལཱ་འབད་དེ་ ཕམ་ཚུ་ལུ་ ལྷན་ཐབས་འབད་ནི་དང་ ཁོང་རའི་ ནང་མི་བཟའ་ཚང་ཚུ་དང་གཅིག་ཁར་སྡོད་དེ་ དུས་ཚོད་དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ དུས་ཅི་ སློབ་སྟོན་དུས་ཚོད་ ཧ་སུ་ཅིག་སྦེ་ འགོ་བཙུགས་ཡོདཔ་ཨིན་རུང་ ཕམ་དང་ སློབ་དཔོན་ཚུ་གི་ཁ་ཐུག་ལས་འབད་བ་ཅིན་ དེ་བཟུམ་མའི་ ཐབས་བྱུས་གནས་སྐབས་བཏོན་མི་དེ་ལུ་ ངོས་ལེན་ལེགས་ཤོམ་ཅིག་ མེདཔ་ཨིན་པས།
ཚ་གྱང་ཆེ་ཤོས་དེ་ར་ ཐིམ་ཕུག་དང་ ཕུན་ཚོགས་གླིང་བཟུམ་མའི་ ཁྲོམ་སྡེ་ཚུ་ནང་ ངལ་གསོའི་སྐབས་ ཨ་ལོ་ཚུ་གིས་ ཉིན་ནུབ་མེད་པར་ བཤལ་འཁྱམས་རྐྱབ་སྟེ་ སྡོདཔ་མ་ཚད་ ཁྲིམས་ལས་འགལ་བའི་ བྱ་ངན་ཚུ་ཡང་ མང་སུ་སྦེ་ར་ ཐོན་བཅུག་དོ་ཡོདཔ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཁྲོམ་སྦོམ་ཚུ་ནང་སྡོད་མི་ ཕམ་མང་ཤོས་ཅིག་ར་ ཡིག་ཚང་ནང་ ལཱ་འབད་ནི་དེ་གིས་ ཨ་ལོ་ཚུ་དང་གཅིག་ཁར་ སྡོད་ནིའི་དུས་ཚོད་ གངམ་མ་ཐོབ་པའི་བསྒང་ལས་ ཆང་འཐུང་ནི་དང་ སྨྱོ་རྫས་སྤྱོད་ནི་ དེ་ལས་ སྡེ་ཚན་བཟོ་སྟེ་ འཐབ་འཛིང་ལ་སོགས་པའི་ གནད་དོན་ཚུ་ ཐོནམ་ཨིན་མས།
འདས་པའི་ལོ་ནང་ གནམ་བྱཱར་གྱི་ངལ་གསོའི་སྐབས་ ཐིམ་ཁྲོམ་གྱི་ ཁྲིམས་སྲུང་འགག་པ་གིས་ སློབ་ཕྲུག་ཨ་ལོ་དག་པ་ཅིག་ འཛིན་བཟུང་འབད་ཡོདཔ་ད་ དེ་ཡང་ ཁོང་གིས་ སྡེ་ཚན་བཟོ་ཐོག་ལས་ ཨ་ལོ་ཅིག་ལུ་ གྱི་གསོབ་བྱིན་ནི་དེ་གིས་ཨིན་མས།
དེ་གི་ཤུལ་ལས་ གྱི་གསོབ་དང་འབྲེལ་བའི་གནད་དོན་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་ ཐོན་ཡོདཔ་ལས་ ཐིམ་ཕུག་ལུ་སྡོད་མི་ཚུ་ ཆ་མཉམ་ར་ ཚ་གྱང་ལང་དགོཔ་བྱུང་ཡི།
དེ་བསྒང་ གཞུང་གི་ཁ་ཐུག་ལས་འབད་རུང་ ཐུགས་ཀྱི་ཚ་གྱང་སྦོམ་བཞེས་ཏེ་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ བདག་འཛིན་གང་དྲག་འཐབ་དགོ་པའི་ བསྐུལ་མ་གནང་ཡོདཔ་ད་ མ་གཞི་ དེ་བཟུམ་མའི་ རྐྱེན་ངན་བྱུང་དགོ་མི་དེ་ཡང་ གཙོ་བོ་ར་ ཨ་ལོ་ཚུ་ ངལ་གསོའི་སྐབས་ ལཱ་མེད་པར་ ཡུན་རིང་སྡོདཔ་ད་ར་ དབངཔོ་ངལ་ཏེ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་མི་ ཆང་དང་སྨྱོ་རྫས་ཚུ་ ལོངས་སྤྱོདཔ་ཨིན་མས།
དེ་བཟུམ་མའི་ བྱ་ངན་ཚུ་ལས་ བཀག་འཛིན་འབད་ནིའི་དོན་ལུ་ གནམ་བྱཱར་དང་ དགུན་གྱི་ངལ་གསོའི་སྐབས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དམིགས་བསལ་དུ་ ཁྲོམ་ནང་སྡོད་མི་ སློབ་ཕྲུག་ཚུ་ འབྲེལ་འཛིན་སྦེ་ བཞག་ནིའི་དོན་ལུ་ ལས་རིམ་ཚུ་ གང་མང་སྦེ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ མནོཝ་ཨིན་མས།
སློབ་ཕྲུག་ཨ་ལོ་ཚུ་ སློབ་གྲྭའི་ངལ་གསོ་ནང་ འགྱོ་བའི་སྐབས་ལུ་ བདག་འཛིན་འཐབ་ནིའི་ འགན་ཁུར་དེ་ ཕམ་ཚུ་ལུ་ ངེས་ཏིག་ཕོགཔ་ལས་ ཕམ་ཚུ་གིས་འབད་རུང་ རང་སོའི་ ཨ་ལོ་ཚུ་ལུ་ བྱམས་པ་དང་བརྩེ་བའི་སྒོ་ལས་ དུས་དང་རྣམ་པ་ཀུན་ཏུ་ བཟང་ངན་གྱི་བསླབ་བྱ་དང་ ཁ་བཀོད་ཚུ་བྱིན་པ་ཅིན་ ཉེན་མ་བཏུབ་པའི་ དཔེ་མི་སྲིད།
གལ་སྲིད་ ཕམ་ཚུ་གིས་འབད་རུང་ ཨ་ལུ་བདག་འཛིན་མ་འཐབ་པར་ སྣང་བ་གང་ཤར་ཐོག་ལས་ སེམས་གཡེང་སྡོད་པ་ཅིན་ རང་བཞིན་གྱིས་ ཨ་ལོ་ཚུ་ བྱ་ངན་འཐབ་འགྱོཝ་ལས་ མཐའན་མཇུག་ཁར་ མི་ཚེ་འཕྲོ་བརླག་བཏང་པའི་ གཞི་གནད་ཅིག་ཨིན་མས་ཟེར་ ཞུ་ནི་ཨིན།
Check Also
འགན་ཁུར་དང་བསྟུན་པའི་ ཁས་བླངས་འབད་དགོཔ།
༉ རྒྱལ་ཁབ་ཀྱི་གནས་སྟངས་ནང་ མདུན་ལམ་བཟང་དོ་ཡོདཔ་ལས་ ད་རེས་ སྲིད་ཀྱི་གྱུར་བ་ཚུ་ ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ན་ མཐོང་གསལ་ཆེ་བས། མི་དབང་མངའ་བདག་རིན་པོ་ཆེའི་ གསེར་ཁྲི་རྩ་བ་ལས་ གནང་མིའི་གསོལ་རས་དེ་ ད་ལྟོ་ ང་བཅས་མི་སེར་ཚུ་གིས་ བདག་འཛིན་འཐབ་དང་ འཐབ་བཞིན་དུ་ཡོད། …