༉ ཤེས་རིག་ལྷན་ཁག་གིས་ སྤྱི་ལོ་༢༠༡༧ ལུ་ སློབ་ཕྲུག་གི་ ངལ་གསོའི་དུས་ཚོད་དེ་ བསྒྱུར་བཅོས་འབད་ཡི།
སྤྱིར་བཏང་ སློབ་ཕྲུག་ཚུ་གི་ གནམ་དགུན་གྱི་ངལ་གསོ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༨ ལས་འགོ་བཙུགས་ ལོ་ཤུལ་མམ་གི་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ལོག་སློབ་གྲྭ་ནང་ འཛོམས་དགོ་པའི་སྐབས་སུ་ གནམ་བྱཱར་གྱི་ངལ་གསོ་དེ་ཡང་ བདུན་ཕྲག་༡ མ་གཏོགས་བྱིན་སྲོལ་མེད།
འདས་པའི་ལོ་ངོ་དག་པ་ཅིག་ལས་ དགུན་གྱི་ངལ་གསོ་དེ་ ཞག་གྲངས་༢༥ དེ་ཅིག་ མར་ཕབ་འབད་ཐོག་ལས་ སྤྱི་ཟླ་༢ པའི་ཚེས་༡༥ ལུ་ འཛོམས་དགོཔ་སྦེ་བཟོ་བའི་བསྒང་ལས་ གནམ་བྱཱར་གྱི་ངལ་གསོ་དེ་ བདུན་ཕྲག་༢ ལུ་ཡར་སེང་འབད་ནུག།
དུས་ཅི་གི་ ལོ་ནང་འབད་བ་ཅིན་ སློབ་ཕྲུག་ཚུ་གི་ གནམ་དགུན་གྱི་ངལ་གསོ་དེ་ ཧེང་སྐལ་ར་ མར་ཕབ་འབད་ཐོག་ལས་ སྤྱི་ཟླ་༢ པའི་ཚེས་༤ ལུ་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་འཛོམས་དགོ་ནི་དང་ གནམ་བྱཱར་གྱི་ངལ་གསོ་དེ་ ཟླ་ངོ་༡ ཡར་སེང་འབད་ནུག།
ཧེ་མའི་ལམ་སྲོལ་དེ་ དམངས་གཙོའི་རིང་ལུགས་ གསར་བསྒྱུར་དང་བསྟུན་ བསྒྱུར་བཅོས་འབད་མི་གིས་ ཕན་གནོད་གཉིས་ཆ་ར་ འབྱུང་སྲིད་ནི་མས།
ག་འཆརཔ་ཟེར་བ་ཅིན་ གནམ་དགུན་གྱི་ ངལ་གསོ་མར་ཕབ་འབད་ཐོག་ལས་ གནམ་བྱཱར་གྱི་ངལ་གསོ་ ཡར་སེང་འབད་མི་དེ་གིས་ ཕན་པ་ལས་ལྷག་པའི་ གནོད་པ་བྱུང་དོ་བཟུམ་འདུག།
གནམ་བྱཱར་ ཆར་ཆུ་འབོལ་བའི་ནམ་དུས་ལུ་ སློབ་ཕྲུག་ཚུ་ ཟླཝ་ལས་བཅད་དེ་ ངལ་གསོ་བཏང་མི་གིས་ དང་པ་ ལམ་འགྲུལ་འབདཝ་ད་ ས་རུད་དང་ ཆུ་རུད་ཀྱིས་ དཀའ་ངལ་འབྱུང་ནི་དང་ གཉིས་པ་ ཁོང་ར་ སློབ་སྦྱོང་འབད་བའི་སྐབས་ལུ་ བར་མཚམས་ཡུན་རིངམོ་སྦེ་ བཞག་མི་གིས་ སློབ་སྦྱོང་ལུ་ གནོད་ནི་ཨིནམ་མ་ཚད་ གསུམ་པ་ སློབ་ཕྲུག་མང་ཤོས་ཅིག་ མནོ་ནི་ལེགས་ཤོམ་སྦེ་ མ་བཏགས་པར་ཡོད་པའི་ ན་ལོན་ཚུ་འབད་ནི་དེ་གིས་ ཁོང་ར་ ནང་འཁོད་ལུ་ དགའ་མཐུན་འབྱུང་ནི་དང་ ཆང་དང་སྨྱོ་རྫས་ལུ་ ལོངས་སྤྱོད་ནིའི་ཉེན་ཁ་ སྦོམ་ར་འདུག།
གནས་ཚུལ་སྙན་ཞུ་ལྟར་དུ་འབད་བ་ཅིན་ ད་རེས་ནངས་པར་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་དང་འབྲེལ་བའི་ བྱ་ངན་གྱི་ ལཱ་བྱ་འཐབ་མིའི་ནང་ ན་ལོན་ལེ་ཤ་ཅིག་ འཛིན་བཟུང་འབད་མི་ཚུ་ག་ར་ སློབ་ཕྲུག་ཨིན་པའི་ངོས་འཛིན་བྱུང་ནུག།
སློབ་ཕྲུག་ཨ་ལོ་ཚུ་ ངལ་གསོ་གཏང་ནི་དང་ སྨྱོ་རྫས་ཀྱི་སྔོ་ཤིང་ ཀེ་ཧང་དེ་ སྦོམ་འགྱོ་བའི་བསྒང་འབད་ནི་དེ་གིས་ ན་གཞོན་ཚུ་ སྨྱོ་རྫས་སྤྱོད་ནིའི་དོན་ལུ་ ག་ཏེ་ཡང་འགྱོ་མ་དགོ་པར་ དེ་འཕྲོ་ལས་ ས་གནས་ཐདམ་ཐད་ཁ་ལས་ སྔོ་ཤིང་དེ་ འཐོབ་ཚུགས་མི་གིས་ ཕམ་ཚུ་ ཨ་ལོ་བདག་འཛིན་འབད་མ་ཚུགས་པར་ དཀའ་ངལ་ཅན་ཅིག་ལུ་ གྱུར་ནུག།
འཛིན་བཟུང་འབད་མིའི་གྲངས་སུ་ ཨ་ལོ་ལ་ལོ་ཅིག་ ལོ་ན་མ་སྨིན་པ་ཡང་ཡོདཔ་ལས་ དེ་ཚུ་ལུ་ འབད་ཐབས་ག་ནི་ཡང་མེད་པར་ ལོག་གཏང་དགོཔ་ཐོནམ་ད་ དེ་གིས་ ཕན་ཚུན་ག་ར་ལུ་ གནོད་པ་སྦོམ་འབྱུང་སྲིད།
ལྷན་ཁག་གི་ཁ་ཐུག་ལས་ ཐུགས་བཞེད་ག་ཅི་ལུ་གཟིགས་ཏེ་ གནམ་བྱཱར་གྱི་ངལ་གསོ་དེ་ ཟླ་ངོ་༡ བྱིནམ་ཨིན་ན་ ཤེས་རྟོགས་མེད་དེ་འབད་རུང་ ལམ་ལུགས་དེ་ བསྒྱུར་བཅོས་མ་འབད་བར་ ལྟར་སྤྱོད་འབད་བ་ཅིན་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ ན་ལོན་ ལོ་ན་མ་སྨིན་པར་ ཨ་ལོ་ཆགས་མི་དང་ སྨྱོ་རྫས་ལུ་ ཤུགས་ཐལ་མི་ ན་གཞོན་གྱི་གྱངས་ཁ་ མང་སུ་འཐོན་སྲིད་ནི་ཨིནམ་ལས་ ད་ལྟོ་ལས་ར་ ཐབས་ལམ་བསྒྲིག་སྟེ་ སྔོན་འགོག་འབད་དགོཔ་འདུག།
ཨ་ལོ་ཚུ་ མང་ཤོས་ར་ ཁྲོམ་ཁར་སྡོད་མི་འབད་ནི་དེ་གིས་ གནམ་བྱཱར་གྱི་ངལ་གསོ་སྐབས་ ལཱ་གཞན་འབད་ནི་ ག་ནི་ཡང་མེདཔ་ལས་ ཁོང་ར་ ན་གཞོན་ཚུ་ གཅིག་ཁར་བསྡོམས་ཐོག་ལས་ གྱོས་ངན་གྱི་ལམ་ཕྱོགས་ལུ་ ཞུགས་དོ་ཡོདཔ་ལས་ ད་ལྟོ་ལས་ ཐབས་ལམ་བཏོན་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ ཞུ་ནི་ཨིན།
Check Also
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།
༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …