༉ བསམ་རྩེ་རྫོང་ཁག་གི་ རྒེད་འོག་༡༢ ཀྱིས་ ད་རེས་ཀྱི་ གནམ་དགུན་ལུ་ ཨེ་མ་འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་འོང་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དུས་ཅི་སྤྱི་ཟླ་༡༢ པ་ལས་ སང་ཕོད་སྤྱི་ཟླ་༣ པའི་བར་ན་ ས་ཞིང་ཨེ་ཀར་༡༠༠ ནང་ ཨེ་ལྕང་འཛུགས་སྐྱོང་འབད་ཐོག་ལས་ ཨེ་མ་མེ་ཊིག་ཊཱོན་༡༥༢ ཐོན་སྐྱེད་འབད་ནི་གི་ དམིགས་གཏད་འབད་དོ་ཟེར་ཨིན་པས།
དེ་སྦེ་ ཨེ་ལྕང་རྒྱ་ཆེཝ་སྦེ་ འཛུགས་སྐྱོང་འབད་ནིའི་ ལས་འཆར་བརྩམས་མི་དེ་ཡང་ ཕྱི་ལས་ཐོན་མི་ ཨེ་མ་ཚུ་ལུ་ འབུབ་སྨན་ལག་ལེན་འཐབ་མི་ལུ་བརྟེན་ རྫས་སྦྱོར་རྒྱ་ཆེ་དྲགས་སྦེ་ཡོད་ནི་དེ་གིས་ རྒྱལ་ཁབ་ནང་ ནང་འདྲེན་བཀག་དམ་འབད་མི་དང་འཁྲིལ་ཨིན་པས།
གནམ་དགུན་ལུ་ རྒྱལ་ཁབ་ནང་གི་ ས་ཁ་མཐོ་སའི་ ལུང་ཕྱོགས་ཚུ་ནང་ ཨེ་མ་འཛུགས་སྐྱོང་འབད་ཐབས་མེདཔ་ལས་ བསམ་རྩེ་གིས་ རྫས་སྦྱོར་མེད་པའི་ ཨེ་མ་ཚུ་ བཀྲམ་སྤེལ་འབད་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཆོས་རྒྱལ་ནོར་བུ་གིས་ སླབ་མིའི་ནང་ རྒེད་འོག་༡༥ ལས་༡༢ དེ་ གནམ་གཤིས་གནས་སྟངས་ལུ་ གཞི་བཞག་སྟེ་ ཨེ་མ་འཛུགས་སྐྱོང་འབད་ནི་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ རྒེད་འོག་དེ་ཚུ་ལས་ ཁྱིམ་གུང་༢༩༠ ལྷགཔ་ཅིག་གིས་ ཨེ་མ་འཛུགས་སྐྱོང་འབད་འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཨེ་མའི་དུས་ཚོད་རྫོགསཔ་ད་ བསམ་རྩེའི་ཨེ་མ་བཏོག་སྟེ་ ཚོང་འབྲེལ་འཐབ་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ངོས་འཛིན་འབད་མི་ རྒེད་འོག་ཚུ་ནང་ ལྕངམ་གསོ་སྐྱོང་ཁང་མང་རབས་ཅིག་ ཡོད་མི་ཚུ་ནང་ ཨེ་ལྕང་ཚུ་ སྤོ་བཙུགས་འབད་ནི་ལུ་ གྲ་སྒྲིག་སོང་སྟེ་ཡོདཔ་ལས་ ཉིནམ་དག་པ་ཅིག་གི་ཤུལ་ལས་ སོ་ནམ་ཞིང་པ་ཚུ་ལུ་ བགོ་བཀྲམ་འབད་འོང་ཟེར་ བཤདཔ་ཨིན་པས།
ཨེ་ལྕང་གི་དོན་ལུ་ ཐོན་ཤུགས་ཆེ་བའི་སོན་ཚུ་ སོ་ནམ་ལས་ཁུངས་ཀྱིས་ བགོ་བཀྲམ་འབད་ཡོདཔ་ད་ ཨེ་མ་ཚུ་ བཏོག་པའི་ཤུལ་ལས་ སོ་ནམ་ཚོང་ལས་དང་ མཉམ་འབྲེལ་ལས་ཁུངས་ཀྱིས་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་འཐབ་ནིའི་ནང་ ཆ་རོགས་འབད་འོང་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་གྱིས་འབད་བ་ཅིན་ མ་གཞི་ ཨེ་མ་ཚུ་ ན་ཧིང་ལས་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོད་རུང་ དུས་ཅི་མངམ་སྦེ་ འཛུགས་སྐྱོང་འབད་འོང་ཟེར་ཨིནམ་ད་ ད་ལས་ཕར་ ལོ་བསྟར་བཞིན་དུ་ འཛུགས་སྐྱོང་འབདཝ་དང་གཅིག་ཁར་ མོ་བཏབ་དང་ ཞིབ་འཚོལ་གཉིས་ཆའི་དོན་ལུ་ཡང་ཨིན་ཟེར་ བཤདཔ་ཨིན་པས།
ད་རུང་ རྫོང་ཁག་བདག་སྐྱོང་གིས་ རྒེད་འོག་ཚུ་གི་ དམིགས་གཏད་ཚུ་ ངོས་འཛིན་འབད་ཡོདཔ་མ་ཚད་ སོ་ནམ་ཞིང་པ་ཚུ་དང་ གྲོས་འཛོམས་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བསམ་རྩེའི་སོ་ནམ་པ་ཚུ་གིས་ ཨེ་མ་དང་གཅིག་ཁར་ ནང་འདྲེན་བཀག་དམ་འབད་མི་ ཚོད་བསྲེ་གཞན་ དཔེར་ན་ མེ་ཏོག་ཀོ་པི་དང་ སྲནམ་ཅུང་ཚུ་ འཛུགས་སྐྱོང་འབད་ནི་ལུ་ཡང་ གཙོ་བོར་བཏོན་ནི་ཨིན་པའི་གནས་ཚུལ།

ནོར་བུ་སྒང་ (ཅེང་མ་རི) རྒེད་འོག་ནང་ ཐོན་ཤུགས་ཆེ་བའི་ སོན་བཏབ་སྟེ་ སྤོ་བཙུགས་ཆོག་ཆོ་ཐལ་མི་ ཨེ་ལྕང་ཚུ།