ན་ཆུང་ཚུ་ལུ་ ཞབས་ཁྲ་སྟོན་པའི་བསྒང་།

གནམ་དགུན་གྱི་ ལས་རིམ་ནང་ ན་གཞོན་༢༠༠ ལྷགཔ་ཅིག་གིས་གྲལ་གཏོགས།

༉ ན་གཞོན་ཚུ་གིས་ གནམ་དགུན་གྱི་ ངལ་གསོ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ཐབས་ལུ་ སྐྱེས་ལོ་༧ ལས་༢༤ འབད་མི་ ཨ་ལོ་དང་ ན་གཞོན་ཚུ་གི་དོན་ལས་ ན་གཞོན་གོང་འཕེལ་མ་དངུལ་ཡིག་ཚང་གིས་ གནམ་དགུན་གྱི་ལས་རིམ་དེ་ ཁ་ཙ་ལས་ འགོ་བཙུགས་ཅི།
ཡིག་ཚང་དེ་གི་ ལས་རིམ་འགོ་དཔོན་ བཀྲིས་བདེ་སྐྱིད་ཀྱིས་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ ན་གཞོན་ཚུ་གི་ གནམ་དགུན་གྱི་ ངལ་གསོ་དེ་ འཕྲོ་བརླག་མ་བཏང་པར་ ཕན་ནུས་ཅན་སྦེ་ བཅའ་མར་གཏོགས་མི་ཚུ་ལུ་ ཀུན་ཚང་ཤེས་ཡོན་སྤྲོད་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ན་གཞོན་དཔལ་རི་ས་ཁོངས་ཀྱི་ཕྱི་ཁར་ སྐྱེས་ལོ་༧ ལང་མི་ རྟ་མགྲིན་དབང་ཡེ་ཤེས་ ཁོ་ར་ རང་ལུགས་ཀྱི་ མེ་ཏོག་གི་འདབ་མའི་ རིས་མོ་ལུ་ དཔེ་ལུ་ལྟ་སྟེ་ པར་བྲིས་སྡོད་ཡོདཔ་བཞིན་དུ་ སྐྱེས་ལོ་༨ ལང་མི་ བསྟན་འཛིན་སེངྒེ་ལེགས་བཤད་ཀྱིས་ པར་བྲིས་ཚར་ཏེ་ ཁོ་རའི་ཁྱིམ་ནང་བྲིས་མི་ གནམ་གྲུ་འབུབ་ཀྱི་ པར་བཏོན་ཐོག་ལས་ འདི་ང་གིས་བྲིས་བྲིསཝ་ཨིན་ཟེར་ ཆ་རོགས་ཚུ་ལུ་ སླབ་ཨིན་པས།
བསྟན་འཛིན་སེངྒེ་ལེགས་བཤད་ཀྱིས་ སླབ་མིའི་ནང་ ཁོ་ར་ རང་ལུགས་ཀྱི་ པར་འབྲི་ནི་ལུ་ སྤྲོ་བ་ཡོད་མི་ལུ་བརྟེན་ སྡེ་ཚན་ནང་ འཛུལ་ཡི་ཟེར་ཨིནམ་ད་ ལས་རིམ་ནང་ ཆ་རོགས་མ་འདྲཝ་ཚུ་དང་ ཕྱད་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ སླབ་ཨིན་པས།
ན་གཞོན་གོང་འཕེལ་མ་དངུལ་ཡིག་ཚང་གིས་ འགོ་འདྲེན་འཐབ་མི་ ལས་རིམ་མ་འདྲཝ་༦ ཡོད་པའི་གྲས་ལས་ བཅའ་མར་གཏོགས་མི་ མང་ཤོས་ར་ དཔེ་དེབ་ལྷག་ནི་ལུ་ གདམ་ཁ་རྐྱབ་ཡོདཔ་ད་ སྡེ་ཚན་ནང་ ན་གཞོན་༨༠ ལྷགཔ་ཅིག་ཡོདཔ་ལས་ སྡེ་ཚན་ཁག་༣ སྦེ་བཟོ་ནུག།
ཨ་ནེ་གིས་ ལས་རིམ་སྐོར་ལས་ སླབ་པའི་ཤུལ་ལས་ བཅའ་མར་གཏོགས་མི་ སྐལ་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁོ་ར་ ལྷག་ནིའི་སྡེ་ཚན་ནང་ འཛུལ་དགོ་མི་དེ་ དཔེ་དེབ་ལྷབ་ད་ མིང་ཚིག་གསརཔ་ཐོབ་མ་ཚད་ རྫོང་ཁའི་ཆོས་མཚན་ནང་ ལེགས་ཤོམ་མེདཔ་ལས་ རྫོང་ཁ་ལྷབ་པར་འོང་ཡི་ཟེར་ཨིན་པས།
ལས་རིམ་འགོ་དཔོན་ བཀྲིས་བདེ་སྐྱིད་ཀྱིས་འབད་བ་ཅིན་ ལས་རིམ་མ་འདྲཝ་ཁག་༦ དེ་ཅིག་ཡོད་མི་དེ་ཡང་ དཔེ་དེབ་ལྷག་ནི་དང་ པར་འབྲི་ནི་ འཁྲབ་སྟོན་དང་ མི་ཚེ་ནང་ཁག་ཆེ་བའི་རིག་རྩལ་ལ་སོགས་པ་ ལྷབ་ནི་ཡོད་ཟེར་ཨིནམ་ད་ ལས་རིམ་གསརཔ་དེ་ མགྲོན་སྐྱོང་དང་ འཁྲབ་སྟོན་གྱི་ལས་རིམ་༢ ཨིན་ཟེར་ བཤདཔ་ཨིན་པས།
མགྲོན་སྐྱོང་ལས་རིམ་ནང་ལས་ རྐང་ཁྲི་དང་ཉལ་ཁྲི་ཚུ་ ག་དེ་སྦེ་ གྲ་སྒྲིག་རྐྱབ་ནི་ཨིན་ན་དང་ གཞན་མགྲོན་སྐྱོང་དང་འབྲེལ་བའི་འཛིན་སྐྱོང་སྐོར་ལས་ ལྷབ་ཚུགས་ཟེར་ཨིནམ་ད་ སློབ་སྟོན་པ་ཡང་ ཡ་རབ་མགྲོན་སྐྱོང་སྤེལ་ཁང་ལས་ཨིན་པས།
སྐྱེས་ལོ་༡༩ ལང་མི་ ཚེ་རིང་གཡང་སྒྲོན་གྱིས་ སླབ་མིའི་ནང་ མོ་ར་མགྲོན་སྐྱོང་ནང་ སྤྲོ་བ་ཡོདཔ་ལས་ སློབ་རིམ་༡༢ པ་ལས་ མཐར་མ་འཁྱོལ་བ་ཅིན་ ལཱ་གཡོག་གི་ གོ་སྐབས་ཅིག་ འོང་ནི་ཨིནམ་ལས་ མགྲོན་སྐྱོང་གི་ལས་རིམ་ནང་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
བཅའ་མར་གཏོགས་མི་ ན་གཞོན་ཡང་ སྐྱེས་ལོ་༧ ལས་༡༤ འི་བར་ན་འབད་མི་ སྡེ་ཚན་དང་ སྐྱེས་ལོ་༡༥ ལས་༢༤ འི་བར་འབད་མི་ སྡེ་ཚན་ཁག་གཉིས་བཟོ་སྟེ་ཡོདཔ་ཨིན་པས།
འཁྲབ་སྟོན་ལས་རིམ་ནང་ ཧེ་མར་ཡང་ བཅའ་མར་གཏོགས་མི་ ཀུན་བཟང་སྒྲོལ་དཀར་རྡོ་རྗེ་གིས་ སླབ་མིའི་ནང་ འཁྲབ་སྟོན་ལས་རིམ་ལུ་བརྟེན་ རང་ལུ་ སྤོབས་བཏགས་ནི་དང་ འཁྲབ་རྩེདཔ་གི་ རིག་རྩལ་ཡར་རྒྱས་གཏང་ནི་ལུ་ ལྷན་ཐབས་འདུག་ཟེར་ཨིན་པའི་གནས་ཚུལ།

གནས༌བརྟན༌རྡོ༌རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *