གནམ་དགུན་གྱི་ རྒྱལ་ཡོངས་ཚོགས་སྡེ་ སྤྱི་ཟླ་༡༡ པའི་ནང་ འགོ་བཙུགས་ནི།

༉ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ སྤྱི་ཚོགས་༢ པ་ མཇུག་བསྡུ་ནི་ལུ་ ཟླཝ་དག་པ་ཅིག་ལས་བརྒལ་མེདཔ་བཞིན་དུ་ སྤྱི་ཟླ་༡༡ པའི་ནང་ འགོ་བཙུགས་ནི་ཨིན་མི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་དེ་ཡང་ མཇུག་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༢༠ པ་དེ་ སྤྱི་ཟླ་༡༡ པའི་ཚེས་༡༥ ལས་ འགོ་བཙུགས་ནི་ཨིནམ་ད་ དེ་བསྒང་ ཚུལ་མིན་ཐོག་ལས་ དངུལ་བསྐྱི་ནི་ལས་བཀག་ནི་དང་ དྲག་ཐོག་དབང་བཙོང་དོན་ལུ་ མ་དངུལ་རྒྱབ་སྐྱོར་བཀག་འཛིན་གྱི་ དཔྱད་ཡིག་དང་ བརྡ་དོན་དང་བརྡ་བརྒྱུད་དཔྱད་ཡིག་ འབྲུག་གི་རྩིས་ཞིབ་དཔྱད་ དེ་ལས་ གཞུང་ལས་མི་སེར་གྱི་ཞབས་ཏོག་ཐོག་ལུ་ གསུང་གྲོས་གནང་ནི་ཨིན་པས།
ཚུལ་མིན་ཐོག་ལས་ དངུལ་བསྐྱི་ནི་ལས་བཀག་ནི་དང་ དྲག་ཐོག་དབང་བཙོང་དོན་ལུ་ མ་དངུལ་རྒྱབ་སྐྱོར་བཀག་འཛིན་གྱི་ དཔྱད་ཡིག་ཐོག་ལུ་ འདས་པའི་ཚོགས་ཐེངས་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གནང་བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཡོདཔ་ད་ དཔྱད་ཡིག་དེ་གིས་ ཚུལ་མིན་ཐོག་ལས་ མ་དངུལ་བསྐྱི་ནི་ལས་ བཀག་འཛིན་འབད་ནི་ཨིནམ་མ་ཚད་ དྲག་ཐོག་དབང་བཙོང་གི་ བྱ་ངན་དོན་ལུ་ མ་དངུལ་རྒྱབ་སྐྱོར་འབད་ནི་ལས་ བཀག་ཐབས་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
གལ་སྲིད་དཔྱད་ཡིག་དེ་ ཆ་འཇོག་འགྲུབ་པ་ཅིན་ དེ་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ཡིག་ཚང་ནང་ དངུལ་འབྲེལ་ལས་ཁུངས་གསརཔ་ཅིག་ གཞི་བཙུགས་འབད་ནི་ལུ་ དབང་ཚད་བྱིན་ནི་ཨིནམ་ད་ ལས་ཁུངས་དེ་གིས་ དངུལ་དང་འབྲེལ་བའི་བརྡ་དོན་ཚུ་ བསྡུ་སྒྲིག་འབད་ཐོག་ལས་ དངུལ་འབྲེལ་ལམ་ལུགས་དེ་ དྭངས་གསལ་ཅན་བཟོ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ལས་ཁུངས་དེ་ རང་དབང་ཅན་གྱི་ཐོག་ལས་ ལཱ་འབད་ཚུགས་ནི་ཨིནམ་མ་ཚད་ དེའི་དོན་ལུ་ མདོ་ཆེན་ཅིག་ཡང་ འོང་ནི་ཨིནམ་ད་ མདོ་ཆེན་བསྐོ་བཞག་གི་ ལམ་ལུགས་ཚུ་ཡང་ དཔྱད་ཡིག་ནང་ ཚུད་དེ་འདུག།
འབྲུག་བརྡ་དོན་དང་བརྡ་བརྒྱུད་དཔྱད་ཡིག་༢༠༡༦ ཅན་མ་དེ་ཡང་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གནང་བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཡོདཔ་ད་ དཔྱད་ཡིག་དེ་གིས་ འབྲུག་མི་ཚུ་གིས་ བརྡ་དོན་གྱི་རིགས་ཚུ་ དུས་དང་དུས་སུ་འཐོབ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ བརྡ་དོན་ཚུ་ཡང་ ལེགས་ཤོམ་སྦེ་ ཐོབ་ཚུགས་པའི་གོ་སྐབས་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་གོང་འཕེལ་འགྱོ་བའི་ནམ་དུས་ལུ་ བརྡ་དོན་འཕྲུལ་རིག་ཚུ་ཡང་ གོང་འཕེལ་གཏང་དགོཔ་ ཁག་ཆེཝ་ལས་ དཔྱད་ཡིག་དེ་ བརྒྱུད་འབྲེལ་ལྷན་ཁག་གིས་ ཟིན་བྲིས་བཏབ་མི་དེ་ འབྲུག་མི་ཚུ་གིས་ བརྡ་དོན་གྱི་ ཁེ་ཕན་སྤྱོད་ནི་ལུ་ དམིགས་ཏེ་ཨིན་པས།
འདས་པའི་ཚོགས་ཐེངས་དང་ དཔྱད་ཡིག་གི་སྐོར་ལས་ སྙན་ཞུ་ཕུལ་བའི་སྐབས་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གེལ་གྱིས་ རྒྱལ་ཡོངས་ཚོགས་འདུ་ནང་ ཞུ་མིའི་ནང་ གལ་སྲིད་དཔྱད་ཡིག་དེ་ བཅའ་ཁྲིམས་ལུ་ བསྒྱུར་བཅོས་འབད་ཚུགས་པ་ཅིན་ རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་བསྟུན་ བརྡ་དོན་དང་འཕྲུལ་རིག་ཡང་ གོང་འཕེལ་གཏང་སྟེ་ མི་སྡེ་དང་བརྡ་དོན་འབྲེལ་བ་ཡོད་མི་ཅིག་ལུ་ བསྒྱུར་ཚུགས་ཟེར་ཨིན་པས།
དེ་མ་ཚད་ དཔྱད་ཡིག་དེ་གིས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱད་དབང་འཛིན་དང་ བརྒྱུད་འབྲེལ་ལྷན་ཁག་གི་བར་ན་ འགན་ཁུར་དང་ལམ་ལུགས་ཚུ་ ཁ་གསལ་སྦེ་བཟོ་ནི་ལུ་ ཕན་ཐོགས་ནི་ཨིནམ་ད་ ད་རེས་ ལམ་ལུགས་ཁ་གསལ་མེདཔ་ལས་ ལས་སྡེ་དང་ ལྷན་ཁག་གི་བར་ན་ འགན་ཁུར་ཅོག་འཐདཔ་ཡོདཔ་ལས་ ལཱ་འབད་བའི་སྐབས་ བྱ་སྟབས་མ་བདེཝ་ ཐོན་དོ་ཡོདཔ་ཨིན་པས།
དེ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ དཔྱད་ཡིག་དེའི་ཐོག་ལུ་འབད་བ་ཅིན་ རྩིས་ཞིབ་དང་འབྲེལ་བའི་ལམ་ལུགས་ ལེགས་བཅོས་འབད་ཞིནམ་ལས་ ལམ་ལུགས་དེ་ དྭངས་གསལ་ཅན་བཟོ་ནི་ཨིནམ་མ་ཚད་ འདེམས་ངོ་ཚུ་ལས་ལྷོད་མི་ གནད་དོན་ཚུ་གི་ཐོག་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
སྤྱི་ཟླ་༡༡ པའི་༢༩ ལུ་ རྒྱལ་ཡོངས་ཚོགས་སྡེ་ མཇུག་བསྡུ་བའི་ཤུལ་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ འདས་པའི་ཚོགས་ཐེངས་དང་ཕྱདཔ་ད་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུ་༢ ཆ་ར་ལུ་ དཔྱད་ཡིག་དང་འབྲེལ་བའི་ གནད་དོན་མངམ་མེད་མི་དེ་ཡང་ སྤྱི་ཚོགས་༢ པམ་དེ་ ཧྲམ་གཏང་ནིའི་དུས་ཚོད་ གངམ་མེད་ནི་དེ་གིས་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *