༉ སྤྱི་ཟླ་༨ པའི་ཚེས་༢ ལུ་ བཀྲིས་མཁའ་འགྲུལ་གྱི་ བྷུ་ཊཱན་ཨེ་ཡར་ལ་ཡེནསི་ནང་ ལཱ་འབད་མི་༡ དང་ འབྲུག་གནམ་གྲུ་ལས་འཛིན་ འབྲུག་ཨེ་ཡར་གྱི་ འཕྲུལ་རིགཔ་ཅིག་གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་ཡང་ འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་དང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་༢ ཀྱིས་ འགོ་འདྲེན་ཐོག་ལུ་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་དེ་ ཉེན་སྲུང་དང་ལྡན་སྦེ་ བཞག་ཐབས་ལུ་ རྟོག་མེད་ཀྱི་ ཞིབ་དཔྱད་འབད་བའི་སྐབས་ ལས་བྱེད་༢ ཀྱིས་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་འཚོགས་པའི་སྐབས་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གཱེལ་གྱིས་ བཤད་ཅི།
སྤྱི་ཟླ་༦ པའི་ཚེས་༢༨ དང་༢༩ ལུ་ དབང་འཛིན་གྱིས་ སྨྱོ་རྫས་ལོག་སྤྱོད་ཀྱི་ བརྟག་དཔྱད་འགོ་དང་པ་ འགོ་འདྲེན་འཐབ་ད་ འབྲུག་ཨེ་ཡར་དང་ བྷུ་ཊཱན་ཨེ་ཡར་ལ་ཡེནསི་༢ ཀྱི་ གནམ་གྲུའི་དེད་དཔོན་༡ དང་ ལས་བྱེདཔ་༢ ཀྱིས་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ མངོན་གསལ་བྱུང་ནུག།
ད་རུང་ སྤྱི་ཟླ་༧ པའི་ཚེས་༢༥ དང་༢༦ ལུ་ སྨྱོ་རྫས་བརྟག་དཔྱད་ཐེངས་༢ པ་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་གཞུང་ཧེ་ལི་ཀོབ་ཊར་ཞབས་ཏོག་གི་ དེད་དཔོན་༡ དང་ འབྲུག་ཨེ་ཡར་ནང་ ལཱ་འབད་མི་༡ ལས་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ གྲུབ་འབྲས་ཐོན་ནུག།
གནམ་གྲུ་ཐང་ནང་ ལཱ་འབད་མི་ ལས་བྱེདཔ་༡༨༦ ཡོད་མིའི་གྲས་ལས་ ད་ཚུན་གྱི་བར་ན་ ལས་བྱེདཔ་༧ གྱིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ལག་ལེན་འཐབ་ཡོདཔ་ཨིན་པས།
ད་ཚུན་ ལཱ་གཡོག་མཚམས་འཇོག་འབད་དེ་བཞག་མི་ གནམ་གྲུའི་དེད་དཔོན་༢ ལུ་ ད་རུང་ སྨྱོ་རྫས་ཀྱི་ བརྟག་དཔྱད་ཅིག་ འགོ་འདྲེན་འཐབ་པའི་སྐབས་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ མངོན་རྟགས་མ་ཐོནམ་ལས་ ད་རིས་ལས་ ལཱ་འབད་ནི་ འགོ་བཙུགས་འོང་ཟེར་ བློན་པོ་ཌི་ཨེན་ དུང་གཱེལ་གྱིས་ བཤད་ཅི།
བརྒྱུད་འབྲེལ་བློན་པོ་གིས་འབད་བ་ཅིན་ ད་རེས་ སྨྱོ་རྫས་ལག་ལེན་འཐབ་མི་གཞན་ཚུ་ གནས་སྐབས་ཅིག་ ལཱ་འབད་ནི་ལས་ བཀག་འཛིན་འབད་དེ་ཡོད་ཟེར་ཨིན་པས།
གནམ་གྲུ་ཐང་ནང་ ལཱ་འབད་མི་ཚུ་ལུ་ དེ་བཟུམ་མའི་ བརྟག་དཔྱད་འབད་མི་དེ་ ལས་རིམ་གསརཔ་ཅིག་ཨིནམ་མ་ཚད་ ཞི་བའི་མཁའ་འགྲུལ་བཅའ་ཁྲིམས་༢༠༠༠ ཅན་མ་དང་འཁྲིལ་ གནམ་གྲུའི་ལས་གཡོག་པའི་ བཅའ་ཡིག་ནང་ཡང་ ཉེས་ཆད་ག་ནི་ཡང་ བཀོད་དེ་མེདཔ་ཨིན་པས།
བློན་པོ་ཌི་ཨེན་ དུང་གཱེལ་གྱིས་ བཤད་མིའི་ནང་ ཞི་བའི་མཁའ་འགྲུལ་བཅའ་ཁྲིམས་དང་འཁྲིལ་ཏེ་ འབྲུག་ཨེ་ཡར་གྱིས་ ད་རེས་ ལས་གཡོག་པའི་ བཅའ་ཡིག་གསརཔ་ཅིག་ ཟིན་བྲིས་བཏབ་སྟེ་ཡོདཔ་ལས་ ལས་གཡོག་ལྷན་ཁག་གིས་ ཆ་འཇོག་འགྲུབ་དགོ་ཟེར་ཨིན་པས།
སྨྱོ་རྫས་སྤྱོད་ཡོད་པའི་ མངོན་གསལ་བྱུང་མི་ འབྲུག་ཨེ་ཡར་གྱི་ ལས་བྱེདཔ་ཚུ་ ད་རེས་ གཞི་རྟེན་དངུལ་ཕོགས་རྐྱངམ་གཅིག་ བྱིན་ཏེ་ཡོདཔ་ད་ གནམ་གྲུའི་དེད་དཔོན་གྱི་ གཞི་རྟེན་དངུལ་ཕོགས་དེ་ དངུལ་ཀྲམ་༣༠,༠༠༠ བརྩིསཝ་ད་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༣༧༠,༠༠༠ དེ་རེ་ ཐོབ་དོ་ཡོདཔ་ཨིན་པས།
ཨིན་རུང་ བློན་པོ་གིས་འབད་བ་ཅིན་ ཁོང་ལུ་ ཉེས་ཁྲིམས་བཟུམ་སྦེ་ འཐུས་ཀྱི་ཐོབ་ཐངས་ཚུ་ བཀག་ཆ་འབད་དེ་ ཡོད་ཟེར་ཨིན་པས།
བྷུ་ཊཱན་ཨེ་ཡར་ལ་ཡེནསི་གི་ ལས་བྱེདཔ་ཚུ་གིས་ ད་རེས་ དུས་རྒྱུན་གྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོད་རུང་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ལུ་ དང་ལེན་ག་ཅི་འབད་ནི་ཨིན་ནའི་སྐོར་ལས་ ལས་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ བློན་པོ་གིས་ བཤད་ཅི།
འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་དང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་༢ ཀྱིས་ ད་ལས་ཕར་ ས་ཁོངས་ཚུ་ནང་ རྟོག་མེད་ཀྱི་ བརྟག་ཞིབ་ཚུ་ ལོ་རེ་ནང་ ཚར་༢ དེ་རེ་ འགོ་འདྲེན་འཐབ་ནི་ཨིན་པས།
བློན་པོ་གིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ཡང་ ལས་བྱེདཔ་ཚུ་གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ ལག་ལེན་འཐབ་ནི་ལས་ བཀག་འཛིན་འབད་ནི་ལུ་དམིགས་ཏེ་ཨིན་ཟེར་བཤད་ཅི།
གལ་སྲིད་ ལས་བྱེདཔ་ཚུ་གིས་ སྨྱོ་རྫས་ཚུ་ ཡང་བསྐྱར་སྤྱོད་པ་ཅིན་ ཁོང་གི་ ཆོག་ཐམ་ཆ་མེད་བཏང་ཐོག་ལས་ ལཱ་གཡོག་ནང་ལས་ བཏོན་གཏང་ནི་ཨིན་པས།
བརྒྱུད་འབྲེལ་བློན་པོ་གིས་ བཤད་མིའི་ནང་ དེ་བཟུམ་མའི་ བརྟག་དཔྱད་ལས་རིམ་དེ་ འགྲུལ་འཁོར་བཱསི་དང་ གླ་འཁོར་གྱི་ དེད་གཡོག་ཚུ་ལུ་ཡང་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ཁྲི་འཛིན་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ ལས་བྱེདཔ་ཚུ་གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ལག་ལེན་འཐབ་མ་གཏོགས་ ཁྲིམས་འགལ་ཐོག་ལས་ ཚོང་འབྲེལ་མ་འཐབ་པས་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།