གནམ་གྲུའི་དེད་དཔོན་༡ དང་ ལས་བྱེདཔ་༢ ལུ་ སྨྱོ་རྫས་ལོག་སྤྱོད་ཀྱི་ མངོན་རྟགས་ཐོན་ཡོདཔ།

༉ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱིས་ འདས་པའི་བདུན་ཕྲག་ནང་ སྨྱོ་རྫས་ཀྱི་ བརྟག་དཔྱད་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་ཨེ་ཡར་དང་ བྷུ་ཊཱན་ཨེ་ཡར་ལ་ཡེནསི་ (བཀྲིས་མཁའ་འགྲུལ)གི་ གནམ་གྲུའི་དེད་དཔོན་ཅིག་དང་ ལས་བྱེདཔ་༢ ཀྱིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ མངོན་གསལ་བྱུང་ནུག།
དེད་དཔོན་དང་ གནམ་གྲུའི་ནང་ ལཱ་འབད་མི་ ཨམ་སྲུ་༡ འབྲུག་ཨེ་ཡར་ནང་ ལཱ་འབད་མི་ཨིནམ་ད་ ཕོ་སྐྱེས་གཞན་དེ་ བཀྲིས་མཁའ་འགྲུལ་ནང་ ལཱ་འབདཝ་ཨིན་པས།
འབྲུག་གནམ་གྲུ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ རྟ་མགྲིན་དབང་ཕྱུག་གིས་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ བརྟག་དཔྱད་འབདཝ་ད་ ལས་འཛིན་གྱི་ ལས་བྱེདཔ་༢ ཀྱིས་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ ངེས་བདེན་ཨིན་རུང་ གནམ་གྲུའི་ལས་བྱེདཔ་ཚུ་གིས་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ ཤེས་རྟོགས་བྱུང་ཐབས་མེད་ཟེར་བཤདཔ་ཨིན་པས།
ཁོ་གིས་ འབད་བ་ཅིན་ ལས་འཛིན་གྱི་ ལས་གཡོག་པའི་ བཅའ་ཡིག་ནང་ ལས་བྱེདཔ་ཚུ་གིས་ སྨྱོ་རྫས་ལག་ལེན་འཐབ་མ་ཆོགཔ་སྦེ་ཡོད་ཟེར་ཨིནམ་ད་ མ་འོངས་པར་ དེ་བཟུམ་མའི་ གནད་དོན་ཚུ་ མི་འཐོན་ནིའི་དོན་ལུ་ ཐབས་ལམ་ཚུ་ གཞི་བཙུགས་འབད་འོང་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ལས་འཛིན་གྱི་ ལས་བྱེདཔ་༨ ལུ་ སྨྱོ་རྫས་བརྟག་དཔྱད་འབད་ཡོདཔ་ད་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ བརྟག་དཔྱད་འབད་མི་དེ་ཡང་ ཞི་བའི་མཁའ་འགྲུལ་ལས་ཁུུངས་ཀྱི་ ཉིན་གྲངས་༣ འབད་མི་ སྦྱོང་བརྡར་ལས་རིམ་གྱི་ ཆ་ཤས་ཅིག་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་དབང་ཕྱུག་དང་ བཀྲིས་མཁའ་འགྲུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཕ་ལ་རྡོ་རྗེ་༢ དང་ འབྲེལ་བ་འཐབ་མ་ཚུགས།
འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ལས་ཁུངས་ཀྱི་ བརྟག་དཔྱད་གྲུབ་འབྲས་སྙན་ཞུ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ བརྟག་དཔྱད་ཀྱི་ ཡིག་ཆ་ཚུ་ ལས་ཁུངས་ཀྱིས་ ལྡེ་མིག་རྐྱབ་སྟེ་བཞག་ཡོདཔ་ལས་ སྙན་ཞུ་དེ་ དབང་འཛིན་ལུ་ བྱིན་མ་བཏུབ་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *