གནམ་གཤིས་སྐམ་མི་ལུ་བརྟེན་ སོ་ནམ་གྱི་ལཱ་འབད་ནི་ལུ་ བར་ཆད་རྐྱབ་ཡོདཔ།

༉ ཆརཔ་མ་རྐྱབ་པར་ ས་སྐམ་སྦེ་ ལུས་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་དང་དབུས་ཕྱོགས་ ནུབ་ཕྱོགས་ཀྱི་ རྒེད་འོག་མང་ཤོས་ཅིག་ནང་ སོ་ནམ་གྱི་ལཱ་ཚུ་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཨིན་རུང་ སོ་ནམ་པ་ལ་ལོ་ཅིག་གིས་ ལྕང་ལཱ་རྐྱབ་ནི་ འགོ་བཙུགས་ཡོད་རུང་ གཞན་མི་ཚུ་གིས་ ཆརཔ་ལུ་ སྒུག་པའི་བསྒང་ཡོདཔ་ཨིན་པས།
སྤ་རོ་རྡོ་སྒར་རྒཔོ་ ལྷཔ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ རྒེད་འོག་ནང་ སྤྱི་འོག་༡ རྐྱངམ་གཅིག་གིས་ ལྕང་ལཱ་རྐྱབ་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་གི་ སྤྱི་འོག་༤ ནང་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ཡོད་རུང་ ཆརཔ་མ་རྐྱབ་མི་ལུ་བརྟེན་ ཚོད་བསྲེ་དུམ་གྲ་རེ་བརྒལ་ བཙུགས་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་གིས་ ཚོད་བསྲེ་དེ་ཚུ་ ཐིམ་ཕུག་དང་ སྤ་རོ་ལུ་ བཀྲམ་སྤེལ་འབད་དོ་ཡོད་རུང་ དུས་ཅི་ ཚོད་བསྲེ་དེ་ཅིག་ འོང་ནི་བཟུམ་ཅིག་ མིན་འདུག་ཟེར་ཨིནམ་ད་ སོ་ནམ་གྱི་ ལཱ་འབད་ནི་དེ་ ཆརཔ་ལུ་བརྟེན་དགོཔ་ལས་ མི་མང་ཤོས་ཅིག་གིས་ ཆརཔ་རྐྱབ་བཅུག་ནིའི་དོན་ལུ་ རིམ་གྲོ་འབད་ཡི་ཟེར་ཨིན་པས།
ཤར་ཕྱོགས་ལུ་འབད་བ་ཅིན་ བཀྲིས་གཡང་རྩེའི་ རྒེད་འོག་མང་ཤོས་ཅིག་ནང་ གནོད་སྐྱོན་མ་འབྱུང་རུང་ སྟོད་ཚོ་རྒེད་འོག་གི་ གཡུས་ཚན་དག་པ་ཅིག་གིས་ ཆརཔ་ལུ་སྒུག་པའི་བསྒང་ཡོདཔ་ལས་ སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ཆརཔ་ལུ་སྒུག་དོ་ཡོད་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ ཆུ་རྐ་ལངམ་སྦེ་ཡོད་རུང་ རྐ་དེ་ཚུ་ ཐག་རིང་ནི་དེ་གིས་ སོ་ནམ་པ་ཚུ་ལུ་ ལྷོད་མི་ཚུགས་པས་ཟེར་ཨིནམ་ད་ མ་དངུལ་གྱི་ཚད་གཞི་ ཡར་སེང་འབད་བ་ཅིན་ ཆུ་གཡུར་དེ་ཚུ་ ཆུ་རྐ་དང་གཅིག་ཁར་ མཐུད་སྦྲེལ་འབད་ཚུགས་ནི་ཨིན་མི་ལུ་བརྟེན་ ཆརཔ་ལུ་ར་ བརྟེན་མི་དགོ་ཟེར་ཨིན་པས།
སྤུ་ན་ཁ་མགུ་མ་རྒེད་འོག་གི་རྒཔོ་ ཨྱོན་མཁའ་འགྲོ་གིས་ སླབ་མིའི་ནང་ འཕྲུལ་ཆས་ལག་ལེན་འཐབ་སྟེ་ གཙང་ཆུ་ནང་ལས་ ཆུ་འཐེན་མི་དེ་གིས་ རྒེད་འོག་གི་ སོ་ནམ་པ་བརྒྱ་ཆ་༧༠ དེ་ཅིག་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ད་ ཆུ་གཡུར་ཚུ་ རྙིངམ་ཐལ་སོ་ནི་དེ་གིས་ ཆུ་གཡུར་ནང་ལས་ ཆུ་འཛགས་འགྱོ་དོ་ཡོདཔ་ལས་ དཀའ་ངལ་སེལ་ཐབས་དོན་ལུ་ ཆུ་གཡུར་གྱི་ ཞུ་ཡིག་བཙུགས་ནི་ཟེར་ཨིན་པས།
གནམ་གཤིས་དང་ ས་གཤིས་ཞབས་ཏོག་ལས་ཁུངས་ཀྱི་ གཙོ་འཛིན་འོགམ་ ཏེ་བྷ་བི་ ཏ་མང་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་ འཕེལ་རིམ་ཚུ་ ལེགས་ཤོམ་ཡོད་པའི་སྐབས་ བེ་ཨོཕ་བེང་གཱལ་ལས་ ལྷོ་ནུབ་རླུང་མ་གིས་ རློན་གཤེར་འབག་འོང་དོ་ཡོདཔ་ལས་ འབྲུག་ལུ་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་དོ་ཡོད་རུང་ བར་ཆད་པའི་སྐབས་ ཆརཔ་ཉུང་སུ་རྐྱབ་དོ་ཡོདཔ་ད་ འདས་པའི་བདུན་ཕྲག་དག་པ་ཅིག་ནང་ གནམ་བྱཱར་གྱི་ རློན་གཤེར་དེ་ སྐྱོ་སུ་ཅིག་སྦེ་ མཐོང་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ཟླ་༦ པའི་ནང་ གནམ་བྱཱར་གྱི་དུས་ཚོད་ འགོ་བཙུགས་པའི་སྐབས་ ལྷོ་ཕྱོགས་ཁ་ཐུག་ལུ་ ཆརཔ་རྐྱབ་དོ་ཡོདཔ་བཞིན་དུ་ ནུབ་ཕྱོགས་དང་དབུས་ཕྱོགས་ དེ་ལས་ ཤར་ཕྱོགས་ཁ་ཐུག་ལུ་ བདུན་ཕྲག་དག་པ་ཅིག་གི་རིང་ ཆར་ཆུ་དཀོན་སུ་ཅིག་ལས་ མི་རྐྱབ་ནི་ཨིན་པས།
གནམ་བྱཱར་གྱི་དུས་ཚོད་དེ་ སྤྱི་ཟླ་༩ པ་དེ་ཅིག་ནང་ མཇུག་བསྡུ་དོ་ཡོདཔ་ལས་ ཤུལ་མའི་ཟླཝ་༢ ནང་ ཆརཔ་རྐྱབ་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *