རྟ་མགྲིན་ཚེ་རིང་གིས་ མཐུན་པ་སྤུན་༤ གི་ གསལ་བཤད་འབད་བའི་བསྒང་།

གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ རང་བཞིན་གནས་སྟངས་འགྱུར་ཚུལ་གྱི་ པར་རིས་འགྲེམས་སྟོན།

༉ འཛམ་གླིང་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ རང་བཞིན་གནས་སྟངས་འགྱུར་ཚུལ་ཟེར་བའི་ བརྗོད་དོན་ཐོག་ལས་ བདུན་ཕྲག་༡ གི་རིང་ པར་གྱི་འགྲེམས་སྟོན་འབད་མི་དེ་ སྤྱི་ཟླ་༡༢ པའི་ཚེས་༨ ལུ་མཇུག་བསྡུ་ཡོདཔ་ཨིན་པས།
འགྲེམས་སྟོན་ནང་ ཐིམ་ཕུག་བཟོ་རིག་༡༣ སྤེལ་ཁང་གི་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ པར་ཡང་ གནམ་གཤིས་ལུ་བརྟེན་ རང་བཞིན་གནས་སྟངས་ལུ་ གནོད་པ་འབྱུང་ཚུལ་གྱི་སྐོར་ལས་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།
འགྲེམས་སྟོན་འགོ་འདྲེན་འཐབ་མི་ རུ་ཅི་ཀ་གོཝ་གིས་འབད་བ་ཅིན་ འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ར་ གནམ་གཤིས་བགྲོད་ལུ་བརྟེན་ འབྲུག་མི་ཚུ་གི་འཚོ་བའི་གནས་སྟངས་དེ་ ག་དེ་སྦེ་ འགྱུར་འགྱོ་དོ་ཡོདཔ་ཨིན་ན་དང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ རབ་ཆད་ནིའི་ ཉེན་ཁ་ཡོད་མི་སེམས་ཅན་དང་ རང་བཞིན་གནས་སྟངས་ལུ་ གནོད་པ་ཡོད་ལུགས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
འགྲེམས་སྟོན་ནང་བཅའ་མར་གཏོགས་མི་ སྐྱེས་ལོ་༡༩ ལང་མི་ རྟ་མགྲིན་ཚེ་རིང་གིས་ མཐུན་པ་སྤུན་༤ གི་པར་ འགྲེམས་སྟོན་འབད་ཡོདཔ་ད་ ཁོ་གི་པར་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ སེམས་ཅན་དང་ རང་བཞིན་གནས་སྟངས་ལུ་ གནོད་པ་བྱུང་ཡོད་པའི་སྐོར་ལས་ བྲིས་ཡོདཔ་ཨིན་པས།
རྟ་མགྲིན་ཚེ་རིང་གིས་ སླབ་མིའི་ནང་ པར་ནང་གནམ་གཤིས་འགྱུར་འགྲོད་ལུ་བརྟེན་ རང་བཞིན་གནས་སྟངས་ལུ་ ག་དེ་སྦེ་ གནོད་དོ་ཡོདཔ་ཨིན་ན་ རི་མོ་གི་ཐོག་ལས་ གོ་བརྡ་སྤྲོད་དོ་ཟེར་ཨིནམ་ད་ རང་བཞིན་གནས་སྟངས་དེ་ ཉམས་སྲུང་འབད་དགོ་པའི་སྐོར་ལས་ཡང་ པར་ནང་བཀོད་དེ་ཡོད་ཟེར་ཨིན་པས།
འགོ་འདྲེན་པ་གིས་ སླབ་མིའི་ནང་ མི་མང་གིས་ རང་བཞིན་གནས་སྟངས་སྐོར་ལས་ ཧ་གོ་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ རི་མོ་གི་ཐོག་ལས་ གོ་བརྡ་སྤྲོད་པ་ཅིན་ འཇམ་ཏོང་ཏོ་སྦེ་ ཧ་གོ་ཚུགས་པས་ཟེར་ཨིན་པས།
འགྲེམས་སྟོན་ནང་ མི་མང་གི་ཁ་ཐུག་ལས་ མཐུན་པ་སྤུན་༤ གི་གྲས་ལས་ རི་བོང་མེདཔ་སྦེ་ བྲིས་ཡོད་མི་དེ་ལུ་ བསམ་འཆར་བཀོད་མི་ ལེ་ཤ་ཐོན་ཡོདཔ་ཨིན་པས།
པར་བྲིས་མི་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ རི་བོང་མེད་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ མ་འོངས་པའི་ནང་ རི་བོང་དེ་ རབ་ཆད་ནིའི་ཉེན་ཁ་ཡོད་ལུགས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ གཞན་ཡང་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནིའི་དོན་ལུ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ པར་གྱི་ཐོག་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་ གོ་བརྡ་སྤྲོད་པའི་སྐབས་ འབྲུག་མི་ཚུ་གིས་ ཧ་གོ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ དེ་ཡང་ གནམ་གཤིས་འགྱུར་བགྲོད་ཀྱི་སྐོར་ལས་ ཤེས་ཡོན་དེ་ཅིག་ར་ མེད་ནི་དེ་གིས་ཨིན་མས་ཟེར་ ཨིན་པས།
འཕྲིན་ལས་རྒྱལ་མཚན་གྱིས་ སངས་རྒྱས་ཀྱི་ཕྱག་ལུ་ ཤིང་གི་ལྕངམ་ཅིག་ བསྣམས་ཏེ་ཡོད་མི་པར་ཅིག་ འགྲེམས་སྟོན་འབད་ཡོདཔ་ད་ དེ་ཡང་ དམ་པའི་ཆོས་ཀྱི་ཁ་ཐུག་ལས་ རང་བཞིན་གནས་སྟངས་དེ་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་ གོ་བརྡ་སྤྲོད་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
འགོ་འདྲེན་པ་གིས་ སླབ་མིའི་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་སྐོར་ལས་ གདམ་ཁག་ཅན་གྱི་ འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་དང་ སྙན་ཞུ་ནང་རྐྱངམ་གཅིག་མ་གཏོགས་ མི་མང་ལུ་ གོ་བརྡ་དེ་ཅིག་ར་ སྤྲོད་མི་ཚུགས་པས་ཟེར་ཨིནམ་ད་ རི་མོ་གི་འགྲེམས་སྟོན་འབད་མི་དེ་གིས་ གོ་བརྡ་ལེགས་ཤོམ་སྦེ་ སྤྲོད་ཚུགས་པས་ཟེར་ཨིན་པས།
འགྲེམས་སྟོན་ནང་ རང་ལུགས་ཀྱི་ པར་གྱི་ཐོག་ལས་ རང་བཞིན་གནས་སྟངས་ལུ་ གནོད་པ་འབྱུང་ཚུལ་གྱི་སྐོར་ལས་ འགྲེམས་སྟོན་འབད་ཡོདཔ་ད་ རང་ལུགས་ཀྱི་འཚོ་བའི་གནས་སྟངས་ཡང་ བསྒྱུར་བཅོས་སོང་ཡོད་པའི་སྐོར་ལས་ འགྲེམས་སྟོན་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *