༉ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དེ་ བདུན་ཕྲག་དག་པ་ཅིག་གི་ ནང་འཁོད་ནང་ འགོ་བཙུགས་ནི་ཨིནམ་བཞིན་དུ་ མི་སྡེའི་བརྡ་བརྒྱུད་ཚུ་གི་ ནང་ལས་ཡང་ གདོང་དེབ་ཕེསི་བུག་ནང་ མིང་དང་གདོང་མ་བཏོན་པར་ ཁ་བྱང་རྫུས་བཟོའི་ཐོག་ གཞན་ལུ་ཁ་ཉེས་དང་ སྐུར་འདེབས་འབད་དོ་ཡོད་རུང་ དེ་ཚུ་ འཕྲལ་མགྱོགས་ར་ ལོ་རྒྱུས་ཙམ་ཅིག་ལུ་ འགྱུར་ནི་ཨིན་པས།
དེ་ཡང་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ རྒྱ་གར་ལས་ ཕེསི་བུག་ཡོངས་འབྲེལ་ཞབས་ཏོག་ནང་ལས་ མཁས་མཆོག་སྡེ་ཚན་ཅིག་ མི་སྡེ་བརྡ་བརྒྱུད་ནང་ དེ་བཟུམ་མའི་ ཁ་བྱང་རྫུས་མ་དང་ མ་བདེན་པའི་གཏམ་ དར་ཁྱབ་གཏང་ནི་ལས་ ག་དེ་སྦེ་ བཀག་འཛིན་འབད་ནི་ཨིན་ནའི་སྐོར་ལས་ གྲོས་བསྟུན་འབད་བར་ རྒྱལ་ཁབ་ནང་ལྷོད་དེ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༢ ལུ་ མི་གྲངས་༡༠༠ དེ་ཅིག་གིས་ བཅའ་མར་གཏོགས་མི་ ཚོང་འབྲེལ་བ་ཚུ་གིས་ ཚོང་འབྲེལ་གོང་འཕེལ་གྱི་དོན་ལུ་ གདོང་དེབ་ལག་ལེན་འཐབ་ཐངས་དང་འབྲེལ་བའི་ གོ་བསྡུར་ཞལ་འཛོམས་སྐབས་ གདོང་དེབ་ནང་ རྫུན་གཏམ་དང་ ཁ་བྱང་རྫུས་མ་ དེ་ལས་ ཡོངས་འབྲེལ་གྱི་ ཉེན་སྲུང་གི་སྐོར་ལས་ དྲི་བཀོད་འབད་ཡི།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ཁ་བྱང་རྫུས་མ་གིས་ ཡོངས་འབྲེལ་ནང་ ཁ་ཉེས་བཀལ་བའི་པར་ཚུ་བརྩིས་ཏེ་ རྣམ་རྟོགས་ལང་སི་སིའི་ གནད་དོན་ཁག་མང་རབས་ཅིག་ གསལ་བཀོད་འབད་དོ་ཡོདཔ་ད་ དེ་ཡང་ འདས་པའི་ལོ་ཚུ་ནང་ གྱངས་ཁ་ཡར་སེང་སོང་ཡོདཔ་ཨིན་པས།
གདོང་དེབ་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཁ་བྱང་རྫུས་མའི་ཐད་ལུ་ གདམ་ཁ་དྲག་ཤོས་དེ་ར་ སྙན་ཞུ་འབད་ནི་དེ་ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ གདོང་དེབ་ལག་ལེན་འཐབ་མི་ཚུ་གིས་ གདོང་དེབ་ནང་ ཁྱབ་བསྒྲགས་འབད་མི་ གནད་དོན་ག་ཅི་འབད་རུང་ སྙན་ཞུ་འབད་དགོཔ་ད་ ང་བཅས་ཀྱི་ རིམ་ལུགས་ཀྱིས་ གནད་དོན་དེ་འཐུ་སྟེ་ བཏོན་གཏང་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གདོང་དེབ་ཀྱི་ སྲིད་བྱུས་དང་འཁྲིལཝ་ད་ ལག་ལེན་འཐབ་མི་ཚུ་གིས་ བརྡ་དོན་དང་པར་ བགོ་བཀྲམ་འབད་བཏུབ་མ་བཏུབ་ཀྱི་སྐོར་ལས་ འཁོད་དེ་ཡོདཔ་ད་ དཔེར་ན་ སྒྱེན་མོའི་པར་ཚུ་ གཞན་ལུ་སྤེལ་མི་བཏུབ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་ ཚབས་ཆེན་འབད་བ་ཅིན་ ལག་ལེན་འཐབ་མི་ཚུ་གིས་ སྙན་ཞུ་འབད་ནིའི་དོན་ལུ་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འཕྲིན་ལས་ཁུངས་ཚུ་ ཡོད་ཟེར་ཨིན་པས།
གདོང་དེབ་ཀྱི་ འགོ་དཔོན་ཅིག་ཨིན་མི་ རཱཇི་ཨ་རོ་ར་གིས་ སླབ་མིའི་ནང་ ཡོངས་འབྲེལ་ཉེན་སྲུང་གི་སྐོར་ལས་ཡང་ ཐབས་བྱུས་ཚུ་ བཏོན་པའི་བསྒང་ཡོད་ཟེར་ཨིནམ་ད་ དེ་ཡང་ གདོང་དེབ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ མཐོ་རིམ་སློབ་གྲྭ་དང་ སློབ་སྦྱོང་སྤེལ་ཁང་ཚུ་ནང་ གོ་བརྡའི་ལས་རིམ་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
སྙན་ཞུ་འབད་དགོ་པའི་ གནད་དོན་རེ་ འཐོན་པ་ཅིན་ སྙན་ཞུ་འབད་དགོ་བདེ་ཏོག་ཏོ་ བཟོ་ཡོདཔ་ད་ གལ་སྲིད་ གནད་དོན་སྦོམ་ཡོད་པ་ཅིན་ ང་བཅས་ཀྱིས་ བརྡ་དོན་འཕྲུལ་རིག་ལས་ཁུངས་ནང་ བརྡ་དོན་དེ་ བདེན་པ་དང་རྫུན་མ་ ཕྱེ་ནིའི་དོན་ལུ་ གཏང་འོང་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཁོ་གིས་ ད་རུང་ ཧ་ལེགས་ཤོམ་སྦེ་ མ་གོ་བ་ཅིན་ ཡོངས་འབྲེལ་ཐོག་ལས་ ཚོང་བཙོང་ནིའི་སྐོར་ལས་ གསལ་བསྒྲགས་འབད་མི་ཚུ་ལས་ཡང་ འཛེམ་དགོ་ཟེར་ ཉེན་བརྡ་འབདཝ་ཨིན་པའི་ གནས་ཚུལ།
Check Also
ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།
༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …