༉ སྤྱི་ལོ་༢༠༡༦ གི་ཟླཝ་༦ པའི་ནང་ འགོ་བཙུགས་མི་ བསམ་གྲུབ་ལྗོངས་མཁར་ གདུང་བསམ་ཆུ་གུ་ རྩི་སའི་ཟམ་བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་ཡོད་རུང་ ཟམ་གྱི་མཐའམ་༢ ཀྱི་ འཁོར་ལམ་དོན་ལུ་ བཟོ་བཀོད་ཆ་འཇོག་དོན་ལུ་ སྒུག་དོ་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ གོ་པཱལ་ཡ་དཕ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ ཟམ་བཟོ་སྐྲུན་གྱི་ལཱ་ཚུ་ བརྒྱ་ཆ་སྦེ་ར་ མཇུག་བསྡུ་ཡི་ཟེར་ཨིནམ་བཞིན་དུ་ ཟམ་གྱི་མཐའམ་༢ ཀྱི་ འཁོར་ལམ་གྱི་ལཱ་རྐྱངམ་གཅིག་ ལུས་ཏེ་ཡོདཔ་ལས་ དེ་གི་བཟོ་བཀོད་ཆ་འཇོག་འབདཝ་ཅིག་ ལཱ་དེ་ཚུ་ འགོ་བཙུགས་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མཐའམ་༢ ཀྱི་ འཁོར་ལམ་གྱི་རྩིགཔ་དེ་ ཟམ་གཞན་གྱི་ འཁོར་ལམ་གྱི་ རྩིགཔ་ཚུ་དང་ མ་འདྲ་མི་དེ་ཡང་ རྩིགཔ་དེ་ ཨར་ཨེསི་ཨི་གི་ རྩིགཔ་ཨིན་མི་ལུ་བརྟེན་ཨིནམ་ད་ རྩིགཔ་གི་དོན་ལུ་ རྡོ་ཚུ་མེན་པར་ མེ་ཀ་ཕི་རི་ལས་སྡེ་གིས་ བཟོ་སྐྲུན་འབད་མི་ གཱལ་བོན་བོགསི་ཚུ་གིས་ རྐྱབ་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ག་ཏེ་ཡང་མ་རྐྱབ་པའི་ ཐབས་རིག་གསརཔ་གི་ རྩིགཔ་ཅིག་ཨིནམ་ད་ ད་རེས་ ལས་འགུལ་ཌཱན་ཊག་གིས་ བཟོ་བཀོད་ཚུ་ བཟོ་དོ་ཡོད་མི་དེ་ ཆ་འཇོག་འབད་ནི་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་ནི་ཨིནམ་ལས་ དེ་ལུ་ སྒུག་དོ་ཡོད་ཟེར་ཨིན་པས།
ལས་འགུལ་ཌཱན་ཊག་གི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཨེ་ཀེ་ར་མིཤ་གིས་ སླབ་མིའི་ནང་ ད་རེས་ མཐའམ་༢ ཀྱི་ འཁོར་ལམ་གྱི་ ལཱ་རྐྱངམ་གཅིག་ ལུས་ཏེ་ཡོདཔ་ད་ བཟོ་བཀོད་ཚར་རུང་ དུམ་གྲ་ཅིག་ བསྒྱུར་བཅོས་འབད་དགོཔ་ཡོདཔ་ལས་ ཆེ་མཐོའི་དབང་འཛིན་ལས་ གནང་བ་ལེན་ཏེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་བཀོད་དེ་ལུ་ འཕྲུལ་རིག་གི་ཐབས་ལམ་ཚུ་ བསྒྱུར་བཅོས་དོ་ཡོདཔ་བཞིན་དུ་ བྱ་སྒོའི་ལམ་ལུགས་དང་འཁྲིལཝ་ད་ ཆ་འཇོག་འབད་ནི་ལུ་ དུས་ཚོད་ཟླཝ་༣ དེ་ཅིག་ འགོར་འོང་ཟེར་ཨིནམ་ད་ ཆ་འཇོག་འབད་བའི་ཤུལ་ལས་ ཁག་འབགཔ་ལུ་ བྱིན་འོང་ཟེར་ཨིན་པས།
ཟམ་བཟོ་སྐྲུན་གྱི་ལཱ་དེ་ རྒྱ་གར་སི་ཀིམ་ལུ་ཡོད་པའི་ མོ་ཧཱན་བ་ཇཇ་བཟོ་སྐྲུན་ལས་སྡེ་གིས་ འབད་དོ་ཡོདཔ་ད་ ལས་སྡེའི་ཇོ་བདག་ མོ་ཧཱན་བ་ཇཇ་གིས་ སླབ་མིའི་ནང་ ལས་སྡེའི་ཁ་ཐུག་ལས་ འཁོར་ལམ་གྱི་དོན་ལས་ ལཱ་འགོ་བཙུགས་ཐབས་ལུ་ གྲ་སྒྲིག་ཡོདཔ་ལས་ དུས་ཡུན་ཟླཝ་༢ དེ་ཅིག་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།
གོ་པཱལ་ཡ་དཕ་གིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ གཙང་ཆུའི་ཉེ་འདབས་ལུ་ཨིན་པའི་ཁར་ གནམ་བྱཱར་ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་དེ་གིས་ བར་ཆད་རྐྱབ་ཅི་ཟེར་ཨིནམ་མ་ཚད་ སྤྱི་ལོ་༢༠༡༧ ཟླ་༤ པའི་ཚེས་༢༥ ལུ་ གཙང་ཆུ་བྲེས་མི་དེ་གིས་ ཟམ་གྱི་གཞི་འགྱམ་ཚུ་ འཕྱགས་བདའ་མི་ལུ་བརྟེན་ ཐོ་སྦོམ་ཕོག་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གདུང་བསམ་ཆུ་མ་བྲེས་པའི་ཁར་ ཆརཔ་མ་རྐྱབ་ཡོད་པ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་བསྡུཝ་འོང་ཟེར་ཨིན་རུང་ ད་རེས་ ལས་མི་ཚུ་གིས་ ཉིན་ནུབ་མེད་པར་ ལཱ་རྩ་འགེངས་འབད་མི་ལུ་བརྟེན་ གྲུབ་འབྲས་ལེགས་ཤོམ་ ཐོན་ཚུགས་ཅི་ཟེར་ཨིན་པས།
རིང་ཚད་མི་ཊར་༥༠ དང་ ནུས་ཚད་མེ་ཊིག་ཊཱོན་༡༡༠ འབད་མི་ ཟམ་དེ་ལུ་ སྣུམ་འཁོར་ཚུ་གི་དོན་ལུ་ གཉིས་སྦྲེལ་ལམ་ཡོད་པའི་ཁར་ ཟུར་༢ ཆ་རའི་ནང་ མི་ཚུ་གི་ རྐང་ལམ་ཡང་ཡོདཔ་ད་ ཟམ་གྱི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༥༠.༩༧ དེ་ཅིག་ གྲོགས་རམ་སྦེ་ བྱིན་ཡོད་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།