༉ སྤྱི་ཟླ་༩ པའི་ཚེས་༣ གྱི་དྲོ་པའི་ཆུ་ཚོད་༡༡ དེ་ཅིག་ཁར་ བཙག་འཐུ་འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ ཆུ་ཁ་རྫོང་ཁག་བདག་སྐྱོང་འགོ་དཔོན་ཚུ་ དགེ་འདུ་ལས་ གད་ལྟག་ནང་ལུ་འགྱོཝ་ད་ དུས་ཡུན་ཆུ་ཚོད་༩ འགོར་ཡོདཔ་ད་ དེ་གི་ནངས་པར་ རྒེད་འོག་ལྟེ་བའི་ནང་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་ནུག།
གད་ལྟག་ནང་དེ་ རྫོང་ཁག་ནང་ མཐའ་ཟུར་གྱི་ རྒེད་འོག་ཅིག་ཨིནམ་ད་ ཀི་ལོ་མི་ཊར་༨༢ འབད་མི་ འཁོར་ལམ་དེ་ མེ་རི་རྩེ་མོ་ཚུན་ རྩི་ནག་བཏང་ཡོད་རུང་ དེ་ཁ་ལས་ རྩི་ནག་བཏང་སྟེ་མེདཔ་ཨིན་པས།
སྦོང་སྒོ་-སྐྱབས་ཆ་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཟླ་བ་རྒྱལ་མཚན་གྱི་ སྣུམ་འཁོར་དེ་ མེདཔ་ཐལ་ཡོདཔ་མ་ཚད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྤེན་པ་ཡང་ དེ་ནང་ཡོདཔ་ལས་ ཁོང་༢ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་དབང་ལྷ་མོའི་ སྣུམ་འཁོར་ནང་ སོང་ཡོདཔ་ཨིན་པས།
གད་ལྟག་ནང་གི་ མི་ཚུ་གིས་ སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་གི་ ཧེ་མ་དང་ཕྱདཔ་ད་ ད་ལྟོའི་གནས་སྟངས་དེ་ ལེགས་ཤོམ་སོང་ཡོད་མི་དེ་ཡང་ ཧེ་མ་འབད་བ་ཅིན་ ཆུ་ཁ་ལས་ གད་ལྟག་ནང་ཚུན་ ཉིནམ་༨ དེ་ཅིག་གི་རིང་ རྐང་སྟོང་སྦེ་ འགྱོ་དགོ་པའི་ དཀའ་སྡུག་ལུ་བརྟེན་ མི་སེར་ཚུ་གིས་ གཡུས་བཀོག་བཞག་སྟེ་ རྩི་མ་གཤམ་དང་ ཆུ་ཁ་ལུ་ གནས་སྤོ་སོང་ཡི་ཟེར་ཨིན་པས།
གྲོང་གསེབ་མི་སེར་ ལྷབ་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ནངས་པར་ མི་ཚུ་གིས་ སྣུམ་འཁོར་བཏང་འགྱོ་ཚུགས་དོ་ཡོད་རུང་ གནམ་བྱཱར་ལུ་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཐལཝ་མས་ཟེར་ཨིན་པས།
ད་རེས་ དགེ་འདུ་ལས་ གད་ལྟག་ནང་ཚུན་ སྣུམ་འཁོར་བོ་ལེ་རོ་ལུ་ འཐུས་དངུལ་ཀྲམ་༨,༠༠༠ དེ་ཅིག་ སླབ་དོ་ཡོད་རུང་ བོ་ལེ་རོའི་ཇོ་བདག་ཚུ་གིས་ འཁོར་ལམ་དེ་ཁ་ལས་ རྒུད་ཕོག་དོ་ཡོད་མི་ལུ་འདྲོག་སྟེ་ འགྱོ་མི་བཏུབ་དོ་ཡོདཔ་ཨིན་པས།
འཁོར་ལམ་དེ་ ལམ་སེལ་ལས་ཁུངས་ཀྱིས་ རྩིས་ལེན་ཡོདཔ་བཞིན་དུ་ ས་ཁོངས་ནང་ བཟོ་རིག་འགོ་དཔོན་དང་ ས་རྐོ་འཕྲུལ་ཆས་ཚུ་ཡོད་རུང་ ཁོང་ལུ་ཡང་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།
ཆུ་ཁའི་རྫོང་རབ་ ཤེས་རབ་རྡོ་རྗེ་གིས་ སླབ་མིའི་ནང་ ལམ་སེལ་ལས་ཁུངས་ཀྱིས་ ལམ་སྐྱོ་དྲགས་ཡོད་སའི་ ས་ཁོངས་ཚུ་ནང་ སྒར་བཅག་སྡོད་དགོཔ་མ་ཚད་ ཉམས་བཅོས་ཀྱི་ལཱ་ཚུ་ ས་གནས་ཀྱི་ མི་ཚུ་ལུ་ བྱིན་དགོ་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ གནས་བརྟན་ཚེ་རིང་གིས་ སླབ་མིའི་ནང་ ཁག་འབགཔ་གི་ ཁ་ཐུག་ལས་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་ལྟོ་ ལྷག་ལུས་འབད་དགོ་མི་ཚུ་ལུ་ མ་དངུལ་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལམ་བདའ་སྟེ་ རྡོ་སྒྲིག་ནིའི་ ལཱ་འབད་དགོཔ་ ཁག་ཆེ་མི་ལུ་བརྟེན་ ལས་ཁུངས་ཀྱིས་ བརྟག་ཞིབ་འབད་དེ་ ཚོད་རྩིས་ཚུ་ཡང་ བཏོན་ཡོདཔ་ཨིན་རུང་ གད་ལྟག་ནང་རྒེད་འོག་བདག་སྐྱོང་གིས་ རྫོང་ཁག་ཚོགས་འདུའི་ནང་ ཤིང་བཙུགས་ནི་དེ་ ཁག་ཆེཝ་སྦེ་ གྲོས་ཐག་བཅད་ནུག་ཟེར་ཨིན་པས།།
གནས་བརྟན་ཚེ་རིང་གིས་ ལམ་སེལ་ལས་ཁུངས་ལུ་ ཉམས་བཅོས་ཀྱི་ འཆར་དངུལ་རྐྱངམ་གཅིག་ཡོདཔ་ལས་ དེ་གིས་ མི་ལངམ་མས་ཟེར་ བཤད་པའི་ཁར་ ད་རེས་ འཁོར་ལམ་ཀི་ལོ་མི་ཊར་༡༢ ལྷགཔ་ཅིག་ རྡོ་སྒྲིག་འབད་དགོཔ་བཞིན་དུ་ སྣུམ་འཁོར་ཚུ་ཡང་ དེ་ཁ་ལས་རྒྱུན་འགྲུལ་འཐབ་ཨིན་ཟེར་ བཤདཔ་ཨིན་པས།
གཡུས་མི་ལྷ་ཀྲུ་གིས་ སླབ་མིའི་ནང་ ས་ཁོངས་མང་ཤོས་ཅིག་ནང་ རྡོ་སྒྲིག་གི་ལཱ་ཚུ་ མ་འབད་བའི་ཁར་ འབད་མི་ཚུ་ཡང་ རྡོ་དང་ ས་ལག་ལེན་འཐབ་སྟེ་ འབད་ཡོདཔ་ལས་ གློ་བུར་གྱི་ གནད་དོན་དཀའ་ངལ་ཚུ་ འཐོན་པའི་སྐབས་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ འབྲུག་ཕུན་སུམ་ཚོགས་པའི་ གནས་ཡུན་སྐབས་ འགོ་འབྱེད་འབད་ཡོདཔ་ད་ ཉམས་བཅོས་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ འབད་ཡོདཔ་བཞིན་དུ་ ད་ལས་ཕར་ གཞུང་ག་འོང་རུང་ དེ་གིས་ གད་ལྟག་ནང་རྒེད་འོག་ལུ་ གཙོ་རིམ་བྱིན་འོང་ཟེར་ཨིན་པས།
གད་ལྟག་ནང་གི་ གསོ་བའི་ལས་རོགསཔ་ རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ དཀའ་ངལ་ངོ་མ་ར་ ལམ་དེ་ཨིནམ་བཞིན་དུ་ དགེ་འདུ་ལུ་ འགྱོ་བའི་ཤུལ་ལས་ གད་ལྟག་ནང་ལུ་ ལོག་འོང་དགོ་ མི་མནོ་དོ་ཡོདཔ་ལས་ འགྲོ་འགྲུལ་འབད་ནི་མེད་ཟེར་ཨིན་པས།
གད་ལྟག་ནང་གི་ སྤྱིར་སྙོམས་འཛོམས་འདུ་ནང་ མི་༨༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ འབྲུག་ཀུན་མཉམ་ཚོགས་པའི་ སྦོང་སྒོ་-སྐྱབས་ཆ་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ དཀའ་ངལ་ཅིག་ལུ་བརྟེན་ འཛོམས་འདུའི་ནང་ ལྷོད་མ་ཚུགས་པའི་གནས་ཚུལ།
སྐད་སྐྱུར་ སྐལ་བཟང་དབང་ཕྱུག།