གཅེས་སྐྱོང་ལྟེ་བ་ནང་བཙུགས་མི་ ཨ་ལོ་ཚུ་ ཞབས་ཁྲ་རྐྱབ་པའི་བསྒང་།

གཅེས་སྐྱོང་ལྟེ་བ་གིས་ ཝེང་མཁར་ཞིབ་འཚོལ་ལྟེ་བའི་ ལས་བྱེདཔ་དང་མི་སྡེ་ལུ་ ཕན་ཐོགས་བྱུང་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ མོང་སྒར་ཝེང་མཁར་ལུ་ཡོད་མི་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ནང་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ འགོ་བཙུགས་མི་དེ་གིས་ ས་གནས་དེ་ནང་གི་ ཨ་ལོའི་ཕམ་༤༠ དེ་ཅིག་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།

ལྟེ་བ་དེ་ ཝེང་མཁར་ཞིབ་འཚོལ་ལྟེ་བའི་ ལས་བྱེདཔ་ལེ་ཤ་ཡོད་མི་ལུ་བརྟེན་ འགོ་བཙུགས་ཡོདཔ་ད་ ལྟེ་བ་ལས་ ཁེ་ཕན་བྱུང་མི་ ཨ་ལོའི་ཕམ་༣༩ ཡོད་མི་ལས་༣༦ ཞིབ་འཚོལ་ལྟེ་བའི་ལས་བྱེདཔ་ཨིནམ་ད་ གཞན་མི་༣ ཝེང་མཁར་མི་སྡེ་ནང་ལས་ཨིན་པས།

ཞིབ་འཚོལ་ལྟེ་བའི་ལྟ་རྟོག་པ་ ལུང་སྐྱིད་ལུ་ སྐྱེས་ལོ་༦ ལང་མི་ བུམོ་ཅིག་ཡོད་མི་དེ་ ལྟེ་བ་དེ་ནང་ བཙུགས་ཡོདཔ་ད་ ལྟེ་བ་མེད་པའི་ཧེ་མར་ ཨ་ལོ་ལྟ་མི་ག་ཡང་མེདཔ་ལས་ མོ་ར་དང་མཉམ་ ལཱ་འབད་སར་ཁྱིད་འགྱོ་དོ་ཡོདཔ་ཨིན་པས།

ལུང་སྐྱིད་ཀྱིས་ བཤད་མིའི་ནང་ དེ་སྐབས་ ཐབས་ར་མེད་པར་ ཉེན་ཁ་ཡོད་རུང་ མོ་ར་དང་གཅིག་ཁར་ཨ་ལོ་འདི་ཡང་ ཉིམ་ནང་སྡོད་དགོ་ཟེར་ཨིན་པས།

ད་རེས་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ནང་ ལས་བྱེདཔ་༨༠ དེ་ཅིག་ཡོད་པའི་ཁར་ ལྟེ་བ་ནང་ ཨ་ལོ་༤༡ ཡོད་པའི་གྲས་ལས་༡༥ ཨ་ལོ་གཅེས་སྐྱོང་ལྟེ་བ་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།

གཅེས་སྐྱོང་ལྟེ་བ་ནང་ ཨ་ལོ་༢༦ བདག་འཛིན་འཐབ་ནིའི་དོན་ལུ་ ཨ་ལོ་ལྟ་མི་ རྣམ་རྒྱལ་དབང་མོ་བཞག་སྟེ་ཡོདཔ་ད་

གནས་སྐབས་ཅིག་གི་དོན་ལུ་ ད་རེས་ ཝེང་མཁར་སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བའི་ལས་བྱེདཔ་༢ ཀྱིས་ ལྟ་དོ་ཡོདཔ་ཨིན་པས།

ལྟེ་བའི་ལས་རིམ་མདོ་ཆེན་ ལྷགཔ་རྡོ་རྗེ་གིས་ སླབ་མིའི་ནང་ གཅེས་སྐྱོང་ལྟེ་བའི་ ལས་བྱེདཔ་ཚུ་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ལས་ སྦྱོང་བརྡར་བྱིན་ཡི་ཟེར་ ཨིན་པས།

ལྟེ་བ་དེ་ཡང་ སོ་ནམ་ལྷན་ཁག་བརྒྱུད་དེ་ ཡུ་རོ་པི་ཡཱན་ ཡུ་ནི་ཡཱན་ གནམ་གཤིས་འགྱུར་བགྲོད་མཉམ་འབྲེལ་ལས་འགུལ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་རྐྱབ་ཡོདཔ་ད་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ ཤེས་ཡོན་མཁོ་ཆས་ཚུ་ ཉོ་ནིའི་དོན་ལུ་ དངུལ་ཀྲམ་༥༠༠,༠༠༠རྒྱབ་སྐྱོར་འབད་ནུག།

ལས་རིམ་མདོ་ཆེན་གྱིས་ སླབ་མིའི་ནང་ ལྟེ་བ་དེ་གིས་ ལས་བྱེདཔ་དང་ མི་སྡེའི་ཨ་ལོ་ཚུ་ལུ་ གཅེས་སྐྱོང་ལེགས་ཤོམ་བྱིན་ནི་དང་ ཨམ་སྲུ་དང་ཨ་ལོ་ཚུ་ སྟབས་བདེ་ཏོག་ཏོ་བཟོ་ཐབས་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

པདྨ་རིག་འཛིན།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *