གཅན་གཟན་སྟག་མཐོང་མི་དེ་ རྟ་བབ་ལུ་ ལྟ་རྟོག་དོན་ལས་ ཉིནམ་དག་པ་ཅིག་ བཞག་ནི།

༉ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ ཐིམ་ཕུག་དཀར་སྦྱིས་ས་ལུ་ སྟག་མོ་ཅིག་ མཐོང་མི་ལུ་བརྟེན་ དགེ་ལེགས་ཕུག་ལུང་ཕྱོགས་ རྒྱལ་ཡོངས་གཅན་གཟན་སྟག་ལྟེ་བའི་ ནགས་ཚལ་འགོ་དཔོན་ཚུ་ སེམས་དགའ་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ནུག།
ནགས་ཚལ་འགོ་དཔོན་ཚུ་ འདས་པའི་བདུན་ཕྲག་ནང་ གཅན་གཟན་སྟག་གི་ ལྟག་ཀོ་གུ་ འཕྲུལ་ཆས་བཏགས་ཐོག་ལས་ ལྟ་རྟོག་འབད་ནིའི་དོན་ལུ་ རྒྱལ་འཛིན་མ་ནཱསི་གླིང་ཁའི་ ནགས་ཚལ་ནང་ལས་ཕར་ སེམས་ཅན་སྟག་ འཚོལ་ཞིབ་འབད་བའི་མཐའ་མར་ ད་རེས་ ཐིམ་ཕུག་ལུ་ མཐོང་ཚུགས་ནི་དེ་གིས་ཨིན་པས།
རི་དྭགས་སེམས་ཅན་སྲུང་སྐྱོབ་ལས་ཁུངས་ཀྱི་ ནགས་ཚལ་འགོ་དཔོན་༥ གིས་ སྟག་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ ས་གནས་རྟ་བབ་ལས་ བཟུང་ཡོདཔ་བཞིན་དུ་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལྗིད་ཚད་ཀེ་ཇི་༡༦༠ འབད་མི་ སྟག་དེ་ལུ་ ར་ཤ་དང་ ཆུ་བྱིནམ་ད་ ལྟོཝ་བཀྱེས་ཡོདཔ་བཟུམ་སྦེ་ བཟའ་ནི་འདུག་ཟེར་ཨིན་པས།
རང་བཞིན་ཉམས་སྲུང་ལས་སྡེའི་འགོ་དཔོན་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ གཅན་གཟན་སྟག་དེ་ རྟ་བབ་ལུ་ཡོད་པའི་ སེམས་ཅན་སྨན་བཅོས་ཁང་ནང་ ལྟ་རྟོག་གི་དོན་ལུ་ ཉིནམ་དག་པ་ཅིག་ བཞག་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ སྟག་དེ་ལུ་ རྨ་སྐྱོན་ཚུ་ ག་ནི་ཡང་ མ་འབྱུང་རུང་ བརྟག་དཔྱད་འབད་དགོཔ་ཡོད་ཟེར་ཨིནམ་ད་ བརྟག་དཔྱད་འབད་ཚར་བའི་ཤུལ་ལས་ ལོག་ནགས་ཚལ་ནང་ གཏང་འོང་ཟེར་ཨིན་པས།
རྒྱལ་ཡོངས་གཅན་གཟན་སྟག་ལྟེ་བའི་ ལས་རིམ་མདོ་ཆེན་དང་ སྟག་མཁས་མཆོག་ ཌོག་ཊར་ཚེ་རིང་བསྟན་པ་དེ་ སྟག་བལྟ་ནིའི་དོན་ལུ་ དགེ་ལེགས་ཕུག་ལས་ ཐིམ་ཕུག་ལུ་ འོང་བའི་བསྒང་ཡོདཔ་ད་ སྔོན་འགྲོའི་བརྡ་དོན་གོ་མི་དང་འཁྲིལཝ་ད་ གཅན་གཟན་སྟག་དེ་ ལོ་མ་རྒསཔ་བཟུམ་ཅིག་སྦེ་ གོ་ཡི་ཟེར་ཨིནམ་ད་ སེམས་ཅན་སྟག་ཚུ་ མི་སྡོད་སའི་ ས་ཁོངས་ནང་ལས་ཕར་ འོང་མི་དེ་ དཀོན་དྲགས་ཨིན་ཟེར་ཨིན་པས།
རི་དྭགས་སེམས་ཅན་སྲུང་སྐྱོབ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྟག་དེ་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཡོངས་གཅན་གཟན་ལྟེ་བ་གིས་ ཞིབ་འཚོལ་འབད་བའི་སྐབས་ སིན་ཅུ་ལ་དང་ རྡོ་སྐྱོང་ལ་ ཕྱག་མི་ནང་གི་ ནགས་ཚལ་ཚུ་ནང་ པར་ཆས་ནང་ མཐོང་མི་དེ་ཨིནམ་བཟུམ་ཅིག་ འདུག་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༢ པའི་ཚེས་༩ ལུ་ ལྟེ་བ་གིས་ རྒྱལ་འཛིན་མ་ནཱི་ས་རི་དྭགས་གླིང་ཁ་ལས་ ཀེ་ཇི་༡༡༠ འབད་མི་ སྟག་ཅིག་ཡང་ ལྟག་ཀོ་གུ་ པར་ཆས་ཚུ་ བཏགས་ཡོདཔ་བཞིན་དུ་ སྟག་དེ་ཡང་ ལོ་༣ ལང་མི་ཅིག་ཨིན་པས།
སེམས་ཅན་སྟག་ཚུ་ མཐོང་ཚུགས་མི་དེ་གིས་ རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་འཁྱམས་སའི་ས་ཁོངས་ཚུ་ ཉམས་སྲུང་འབད་ནིའི་ཐབས་ལམ་ སྒྲིང་སྒྲི་ཡོད་པའི་ བརྡ་མཚོན་ཨིན་མས་ཟེར་ བཤད་པའི་ཁར་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ གཅན་གཟན་སྟག་༡༠༣ ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *