༉ མོང་སྒར་ ས་གླིང་རྒེད་འོག་ བྱང་གདུང་གཡུས་ཚན་ནང་ གངས་རི་ཧ་ཟས་ ཐོན་སྐྱེད་འབད་ནིའི་དོན་ལུ་ བཟོ་གྲྭ་འཕྲུལ་ཁང་ཅིག་ བཟོ་སྐྲུན་འབད་མི་དེ་གིས་ མི་སྡེ་ལུ་ ཕན་ཁྱད་བྱུང་སྟེ་འདུག།
དེ་ཡང་ བྱང་གདུང་གཡུས་ཚན་གྱི་ཉེ་འདབས་ བུམ་པ་ཐང་ལུ་སྦེ་ གངས་རི་ཧ་ཟས་ལས་སྡེ་གིས་ ཧ་ཟས་ཐོན་སྐྱེད་འབད་མི་ཚུ་ རྒྱལ་ཁབ་གཞན་ཚུ་ནང་ ཕྱིར་ཚོང་མ་འབད་བའི་ཧེ་མར་ བཟོ་གྲྭ་འཕྲུལ་ཁང་ནང་ བཙུགས་ཞིནམ་ལས་ སྐམ་ནི་དང་ སྤུས་ཚད་དང་ལྡནམ་སྦེ་ ལེགས་བཅོས་འབད་ནི་དང་ ཤོག་ལྟབ་བཟོ་ནི་ཨིན་པས།
ཧ་ཟས་ལས་སྡེ་ལས་ བརྡ་དོན་དང་སྦྱོང་བརྡར་འགོ་དཔོན་ ཚེ་རིང་གཡང་འཛོམས་ཀུན་ལེགས་ཀྱིས་ སླབ་མིའི་ནང་ བཟོ་གྲྭ་འཕྲུལ་ཁང་ལུ་བརྟེན་ ཐོན་སྐྱེད་ཚུ་ རྫས་སྦྱོར་མེད་པར་ སྤུས་ཚད་དང་ལྡནམ་བཟོ་སྟེ་ རྒྱལ་སྤྱིའི་གནས་ཚད་ནང་ དོ་འགྲན་འབད་ཚུགསཔ་བཟོ་ནི་དང་ ཤར་ཕྱོགས་རྫོང་ཁག་༦ ནང་ དཔལ་འབྱོར་གོང་འཕེལ་འདྲ་མཉམ་གཏང་ཐབས་ཀྱི་ དམིགས་གཏད་ཨིན་ཟེར་ ཨིན་པས།
བཟོ་གྲྭ་འཕྲུལ་ཁང་ གཞི་བཙུགས་འབད་མི་ལུ་བརྟེན་ མོང་སྒར་རྫོང་ཁག་ནང་ ན་གཞོན་དང་ གཡུས་མི་བསྡོམས་༡,༠༠༠ ལྷགཔ་ཅིག་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་ཡོདཔ་མ་ཚད་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ལེ་ཤ་ཅིག་ལུ་ གོ་སྐབས་བྱིན་ནུག།
ད་ལྟོ་ཚུན་ ཧ་ཟས་ལས་སྡེ་ གཞི་བཙུགས་འབད་དེ་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་དང་ ན་གཞོན་༡,༢༠༠ དེ་ཅིག་ལུ་ ལཱ་གཡོག་བྱིན་ཡོདཔ་མ་ཚད་ མ་འོངས་པ་ལུ་ཡང་ ལཱ་གཡོག་གི་གོ་སྐབས་ མངམ་སྦེ་བཟོ་ནི་ཨིན་པས།
བྱང་གདུང་ལས་ སྐྱེས་ལོ་༤༠ ལང་མི་ ལེགས་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་དང་ གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལམ་སེལ་མི་དང་ གཡུས་མི་ཚུ་གིས་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཚོང་ཁང་གཞི་བཙུགས་འབད་མི་ལུ་བརྟེན་ མོ་རའི་ཚོང་ཁང་ལས་ ཚོང་ཉོ་མི་མེད་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༧ ལུ་ བཟོ་གྲྭ་འཕྲུལ་ཁང་བཟོ་སྐྲུན་གྱི་ ལཱ་འབད་ནི་འགོ་བཙུགས་པའི་ཤུལ་ལས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ཁར་ མི་སྡེ་ལུ་ ལྷན་ཐབས་བྱུང་ཡི་ཟེར་ བསམ་འཆར་བཀོདཔ་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ཅི་ བདེ་སྐྱིད་མཚོ་མོ་གིས་ སླབ་མིའི་ནང་ བཟོ་གྲྭ་འཕྲུལ་ཁང་ལུ་བརྟེན་ དུས་ཅི་ ལཱ་འབད་ནིའི་གོ་སྐབས་ཐོབ་མི་དེ་གིས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ ཟད་འགྲོའི་དཀའ་ངལ་མ་ཐོན་པའི་ཁར་ ཚོད་བསྲེ་དང་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ཡང་ ཧེ་མ་བཟུམ་སྦེ་ དཀའཝ་སྤྱོད་མ་དགོ་པར་ དེ་འཕྲོ་ལས་ བཙོང་ཚུགས་ཅི་ཟེར་ཨིན་པས།
ཁྲི་དྭངས་སྦིས་གཡུས་ཚན་ལས་ ཨམ་པདྨ་དང་འཁྲིལ་བ་ཅིན་ སོ་ནམ་གྱི་ལཱ་འབད་སྡོད་མི་ཚུ་གིས་ཡང་ ད་རེས་ནངས་པར་ ཚོད་བསྲེ་དང་ སྒོ་ནོར་གྱི་ལཱ་འབད་ནི་ལུ་ སྤྲོ་བ་ཐེབས་ལེན་པའི་ཁར་ བཟོ་གྲྭ་འཕྲུལ་ཁང་གི་ ཉེ་འདབས་ཀྱི་མི་སེར་ཚུ་གིས་ ཁྱིམ་གསརཔ་བཟོ་སྐྲུན་འབད་ནི་ འགོ་བཙུགས་མི་ཚུ་ཡང་ ཁང་གླ་ཁར་སྤྲོད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ས་གླིང་རྒཔོ་ ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་ནང་ བཟོ་གྲྭ་འཕྲུལ་ཁང་ གཞི་བཙུགས་མི་ལུ་བརྟེན་ ཧ་ཟས་ཐོན་སྐྱེད་འབད་མི་ཚུ་ ཚོང་འབྲེལ་གྱི་དོན་ལུ་ གཞན་ཁར་འགྱོ་མ་དགོ་པར་ དུས་ཡུན་ཐུང་ཀུ་ཅིག་ནང་ སྐྱེལ་འདྲེན་འབད་དེ་ འོང་འབབ་བཟོ་ཚུགས་པའི་ ཕན་ཁྱད་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ འབྲུག་རྒྱལ་ཁབ་ནང་ ཧ་ཟས་ལས་སྡེ་ གཞི་བཙུགས་འབད་བའི་ཤུལ་ མི་སེར་སོ་ནམ་པ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ ས་ཞིང་ཨེ་ཀར་སྟོང་ཕྲག་བཅད་དེ་ ཧ་ཟས་ལྕངམ་ཚུ་ འཛུགས་སྐྱོང་འབད་བའི་ཁར་ སྤྱི་ལོ་༢༠༡༧ ལས་འགོ་བཙུགས་ ཐོན་སྐྱེད་འབད་ནི་ འགོ་བཙུགས་ནུག།
ལྷག་པར་དུ་ རྒྱལ་ཁབ་ཀྱི་ས་གནས་ཚུ་ནང་ ས་ཞིང་ཨེ་ཀར་སྟོང་ཕྲག་ལས་བཅད་དེ་ བཟའ་སྤྱོད་འབད་མ་ཚུགས་པར་ སྟོངམ་སྦེ་བཞག་མི་ཚུ་ཡང་ ཧ་ཟས་ལྕངམ་ཚུ་ འཛུགས་སྐྱོང་འབད་ཡོད་པའི་གནས་ཚུལ།
བྱང་གདུང་ལས་ བཀྲིས་ཕུན་ཚོགས།