ཐིམ་ཕུག་གི་སློབ་གྲྭ་༡༠ གྱིས་ གངས་གཟིག་པར་རི་ བཟོ་ནི་ལུ་ གྲོགས་རམ་འབད་བའི་བསྒང་།

གངས་གཟིག་ཉམས་སྲུང་འབད་ནིའི་ ཐབས་བྱུས།

༉ རྒྱལ་སྤྱི་གངས་གཟིག་གི་ ཉིནམ་བརྩི་སྲུང་འབད་མི་དང་འབྲེལ་ རྒྱལ་འཛིན་ཐགས་རིག་སློབ་སྡེ་ནང་ སྤྱི་ཟླ་༡༠ པའི་ཚེས་༢༣ ལུ་ ཡོང་པཱན་ཌ་ བུ་ཌན་ཟེར་ རིག་རྩལ་འགྲེམས་སྟོན་ཅིག་ འགོ་འདྲེན་འཐབ་མིའི་ནང་ ཚོན་རིས་༥༠ དང་ པར་ དེ་ལས་ རི་མོ་ཚུ་ གསལ་སྟོན་འབད་ཡོདཔ་ཨིན་པས།
ཉིནམ་བརྩི་སྲུང་འབད་ནིའི་དོན་ལུ་ འཛམ་གླིང་རི་དྭགས་མ་དངུལ་དང་ བཱསཊི་བྷུ་ཊཱན་༢ ཀྱིས་མཉམ་འབྲེལ་ཐོག་ལས་ ཤོག་ཀུ་ལག་ལེན་འཐབ་སྟེ་ གངས་གཟིག་ངོ་མ་བཟུམ་སྦེ་ བཟོ་ནི་ཨིནམ་ད་ ལས་རིམ་དེ་གི་དོན་ལུ་ སློབ་གྲྭ་༡༠ ལས་ སློབ་ཕྲུག་ཚུ་གིས་ ཤོག་ཀུ་གིས་བཟོ་མི་ གངས་གཟིག་གི་དབྱིབས་ཚུ་ གྲོགས་རམ་འབད་ཡོདཔ་ཨིན་པས།
འཛམ་གླིང་རི་དྭགས་མ་དངུལ་གྱིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ ཤོ་ཀུ་གིས་ ཁྲུང་ཁྲུང་གི་བཟོ་རྣམ་བཟོ་མིའི་ལས་འགུལ་ལུ་བརྟེན་ བློ་སྤོབས་བསྐྱེད་བཅུག་སྟེ་ཡོདཔ་ལས་ གདོང་ལེན་ཅན་གྱི་དུས་ཚོད་ཁར་ རེ་བ་བསྐྱེད་ནིའི་རྟགས་མཚན་སྟོནམ་ལས་ ད་ལྟོའི་ལས་འགུལ་ཐོག་ལས་ ཤོག་ཀུ་གི་གངས་གཟིག་བཟོ་མི་དེ་གིས་ མཛེས་ཆ་ཆེ་བའི་ གཅན་གཟིགས་ཀྱི་རིགས་དེ་ ཉམས་སྲུང་འབད་ནིའི་ལུ་ ཕན་ཐོགས་པའི་བརྡ་མཚོན་སྟོན་པའི་རེ་བ་ཡོད་ཟེར་ ཨིན་པས།
ལས་འགུལ་དེ་ ན་གཞོན་ཚུ་ སྤྲོ་བའི་ཐོག་ལས་ རིག་རྩལ་གྱི་ལས་འགུལ་ནང་ གྲལ་གཏོགས་འབད་བཅུག་ཞིནམ་ལས་ གངས་གཟིག་ཉམས་སྲུང་འབད་དགོ་པའི་ གོ་བརྡ་སྤེལ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ རིག་རྩལ་འགྲེམས་སྟོན་དེ་ སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པས།
འཛམ་གླིང་རི་དྭགས་མ་དངུལ་གྱི་ གཙོ་འཛིན་འོགམ་ རོ་བོཊ་ ཊོ་རཡ་གིས་ སླབ་མིའི་ནང་ ད་རེས་འཛམ་གླིང་ནང་ གངས་གཟིགགི་གྱངས་ཁ་དེ་༤༠༠༠ དང་༦༠༠༠ གི་བར་ན་ ལྷོད་དེ་ཡོད་ཟེར་ཨིནམ་ད་ གངས་གཟིག་འཁྱམ་ས་དང་ གནམ་གཤིས་འགྱུར་མི་ མི་དང་རི་དྭགས་སེམས་ཅན་གྱི་བྲེལ་ཟིང་དང་ དེ་ལས་ ཤ་བདའ་མི་ལུ་བརྟེན་ གཅན་གཟན་གྱི་གྱངས་ཁ་དེ་ རིམ་གྱིས་སྦེ་ མར་བབས་འགྱོཝ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ དང་༢༠༡༦ ལུ་ རྒྱལ་ཁབ་ནང་ བརྟག་ཞིབ་ཅིག་འགོ་འདྲན་འཐབ་མིའི་ནང་ འབྲུག་ལུ་ ད་རེས་ གངས་གཟིག་༩༠ ཡོདཔ་ད་ གཅན་གཟན་དེ་ འབྲུག་གི་ནགས་ཚལ་དང་རང་བཞིན་ཉམས་སྲུང་གི་ བཅའ་ཁྲིམས་༡༩༩༥ ཅན་མའི་ ལས་འཆར་དང་པའི་ནང་ ཉམས་སྲུང་འབད་དགོ་པའི་རིགས་ཅིག་སྦེ་ འཁོད་ཡོདཔ་ཨིན་པས།
རང་བཞིན་ཉམས་སྲུང་སྡེ་ཚན་གྱི་ ནགས་ཚལ་འགོ་དཔོན་གོངམ་ ཚེ་རིང་བཟངམོ་གིས་ སླབ་མིའི་ནང་ རང་བཞིན་ཉམས་སྲུང་གི་ བཅའ་ཡིག་དང་ སྒྲིག་ཁྲིམས་༢༠༡༧ གྱི་ གངས་གཟིག་དེ་བསད་པ་ཅིན་ ཉེས་བྱ་དངུལ་ཀྲམ་ས་ཡ་༡ བཀལ་ནི་དང་ ཁྲིམས་འགལ་ཐོག་ལས་ གཅན་གཟན་གྱི་པགས་ཀོ་དང་ རུ་ཏོ་ཚུ་ ཚོང་འབྲེལ་འཐབ་པ་ཅིན་ ཉེས་བྱ་དངུལ་ཀྲམ་༣༠༠,༠༠༠ བཀལ་ནི་སྦེ་ འཁོད་དེ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ གངས་གཟིག་བསྲུང་ནིའི་ སྲིད་བྱུས་དང་ལས་སྣ་ཚུ་ལུ་ ལྷན་ཐབས་འབད་ནིའི་དོན་ལུ་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ལོ་༥ འི་ ལས་བྱེད་འཆར་གཞི་ཅིག་ འགོ་འདྲན་འཐབ་དོ་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་ནང་ སྤྱི་ལོ་༢༠༡༣ ལུ་ བི་ཤིག་ལུ་ གངས་གཟིག་ཉམས་སྲུང་དང་ སྐྱེ་ལྡན་གནས་སྟངས་རིམ་ལུགས་དོན་ལུ་ འཛམ་གླིང་གི་གྲོས་གནས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ ཁས་ལེན་༢ འབད་ཡོདཔ་ད་ དེ་ཡང་ འབྲུག་རྒྱལ་ཁབ་བརྩིས་ཏེ་ ཨེ་ཤི་ཡའི་རྒྱལ་ཁབ་༡༢ ཀྱི་གཞུང་གིས་ གངས་གཟིག་དང་ དེའི་སྡོད་གནས་ ཉམས་ཉེན་ཅན་གྱི་ གངས་རི་གི་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ ཉམས་སྲུང་འབད་ནི་དང་ སྔར་མེད་པའི་མཉམ་འབྲེལ་གྱི་འབད་བརྩོན་ཐོག་ གཞན་དང་མ་འདྲ་བའི་སེམས་ཅན་དེ་ ཉམས་སྐྱོབ་འབད་ནིའི་དོན་ལུ་ རྒྱལ་སྤྱིའི་གངས་གཟིག་དང་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ཉེན་སྲུང་གི་ ལས་རིམ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ གངས་གཟིག་གི་ རིགས་བརྒྱུད་ཡོད་པའི་ རྒྱལ་ཁབ་ཚུ་གིས་ སྤྱི་ལོ་༢༠༢༠ འི་ནང་འཁོད་ལུ་ གཅན་གཟན་གྱི་ རིགས་བརྒྱུད་ཡོད་པའི་ སའི་ཆགས་ལུགས་༢༠ བསྒྲུབ་ནིའི་ ཁས་ལེན་འབད་ཡོདཔ་ཨིན་པས།
ད་རེས་ གནས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་ གནམ་གཤིས་འབྲེལ་མཐུན་གྱི་ གངས་གཟིག་ཉམས་སྲུང་འབད་ནིའི་ སའི་ཆགས་ལུགས་ཅིག་ ཟིན་བྲིས་བཏབ་ཡོདཔ་ལས་ འབྲུག་པའི་ཁ་ཐུག་ལས་ རྒྱལ་སྤྱིའི་ཐབས་ཤེས་ སྤྱི་ལོ་༢༠༢༠ ལུ་ གངས་གཟིག་གི་ཆགས་ལུགས་༢༠ ཉམས་སྲུང་འབད་ནིའི་ནང་ གྲོགས་རམ་འབད་བའི་ བརྡ་མཚོན་སྟོནམ་ཨིན་པས།
རྒྱལ་ཁབ་ཚུ་གི་གྲས་ལས་ འབྲུག་རྒྱལ་ཁབ་ཀྱི་ བྷུ་ཊཱན་ཕོར་ལ་ཡེཕ་ཟེར་མི་ གཏན་འཇགས་ཀྱི་ལས་འགུལ་དེ་ལུ་ གྲོགས་རམ་འབད་དོ་ཟེར་ཨིནམ་ད་ ལས་འགུལ་དེ་ ང་བཅས་ཀྱི་ལས་སྡེ་གི་རེ་བ་ མ་འོངས་པའི་མི་རབས་ཚུའི་དོན་ལུ་ རང་བཞིན་གྱི་གླིང་ག་ཚུ་ ཉམས་སྲུང་འབད་ནིའི་ ངོ་ཚབ་འབད་དོ་ཟེར་ རོ་བོཊ་ ཊོ་རའེ་གིས་ བཤད་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *