ཁྲོམ་སྡེའི་བཙག་འཐུ་ ཀོ་བིཌ་-༡༩ འི་ཉེན་སྲུང་དང་ལྡནམ་སྦེ་ འགོ་འདྲེན་འཐབ་ནི།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་འཁྲིལཝ་ད་ ཁྲོམ་སྡེ་ཕྱི་ཁར་དང་ ཕྱི་རྒྱལ་ལུ་སྡོད་མི་ ཐོ་བཀོད་ཅན་ཚུ་གིས་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ ཁྲོམ་སྡེ་བཙག་འཐུ་ཐེངས་༣ པའི་ནང་ འགྲེམས་ཐོག་གི་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༢༦ ལུ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་ཚོགས་སྡེའི་ ལོ་ངོ་༥ གི་ གནས་ཡུན་ཚང་དོ་ཡོདཔ་ལས་ ལྷན་ཚོགས་ཀྱིས་ ཁྲོམ་སྡེ་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱི་ བཙག་འཐུ་ཤེས་ཡོན་ལས་ཁུངས་ཀྱི་འགོ་འཛིན་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་ མར་ཕབ་འབད་ཐབས་ལུ་ ལྷན་ཐབས་ཚོགས་རྒྱན་བཙུགས་ས་ལྟེ་བའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་ཡོདཔ་བཞིན་དུ་ མཐུན་རྐྱེན་གྱི་དོན་ལུ་ མི་ཚུ་གིས་ ལྷན་ཚོགས་དང་ ཐོ་བཀོད་འབད་དགོ་ཟེར་ཨིན་པས།

ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ ནད་ཡམས་ཀྱི་ གནས་སྟངས་ནང་ བཙག་འཐུ་ག་དེ་སྦེ་ འགོ་འདྲེན་འཐབ་ནི་ཨིན་ནའི་ འཆར་གཞི་དང་ ཐབས་བྱུས་ཚུ་ བཏོན་ཏེ་ཡོདཔ་བཞིན་དུ་ ཁྲོམ་སྡེ་བཙག་འཐུའི་དོན་ལས་ ལྷན་ཚོགས་ཀྱིས་ ཐབས་བྱུས་ཡིག་ཆ་དང་ ཚད་ལྡན་ལག་ལེན་བྱ་རིམ་ཚུ་ བསྐྱར་ཞིབ་འབད་འོང་ཟེར་ཨིན་པས།

ད་རེས་ བཙག་འཐུ་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ མ་འདྲཝ་འོང་ནི་ཨིནམ་ད་ ལྷན་ཚོགས་ཀྱིས་ ཁྲོམ་སྡེ་༣ གྱི་ཕྱི་ཁར་ སྡོད་མི་ཚུ་ ཁོང་རའི་ས་ཁོང་ལས་ར་ ཚོགས་རྒྱན་བཙུགས་ཚུགས་བཟོ་ནིའི་དོན་ལུ་ བརྒྱུད་འཕྲིན་ཐོག་ལས་ ཁོང་གི་བརྡ་དོན་ཚུ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།

ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ གསལ་བསྒྲགས་འབད་ཐོག་ལས་ ལྷན་ཚོགས་ཀྱིས་ ཁྲོམ་སྡེ་བཙག་འཐུའི་དོན་ལས་ སྐུལ་བསྒྲགས་ཀྱི་ བྱ་སྒོའི་ལམ་ལུགས་ཚུ་ དྭངས་གསལ་བཟོ་འོང་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ ས་གནས་གཞུང་གི་ བཙག་འཐུའི་གསལ་བསྒྲགས་མ་འབད་བའི་ཧེ་མར་ བཙག་འཐུའི་སྐུལ་བསྒྲགས་ ག་ཅི་ར་འབད་རུང་ བཙག་འཐུ་བཅའ་ཁྲིམས་ཀྱི་ དོན་ཚན་༢༦༨ པ་དང་ འགལ་ནི་ཨིནམ་ལས་ བཅའ་ཁྲིམས་དང་འཁྲིལ་ཏེ་ དང་ལན་འབད་འོང་ཟེར་ དྲན་གསོ་འབད་མི་དེ་ཡང་ བཙག་འཐུ་ནང་ དོ་འགྲན་འབད་མི་ འདེམས་ངོ་ཚུ་ལུ་ གོ་སྐབས་འདྲ་མཉམ་བཟོ་ཐབས་ལུ་ཨིན་པས།

དོན་ཚན་དང་འཁྲིལཝ་ད་ བཙག་འཐུའི་སྐུལ་བསྒྲགས་འདི་ འབྲུག་རྒྱལ་པོ་མཆོག་གིས་ བཙག་འཐུ་འགོ་བཙུགས་དགོ་པའི་ བཀའ་ཤོག་གནང་བའི་ ཚེས་གྲངས་ལས་ ཡང་ན་ ས་གནས་གཞུང་གི་བཙག་འཐུའི་ཐད་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱབ་བསྒྲགས་འབད་བའི་ ཚེས་གྲངས་ལྟར་ སྐུལ་བསྒྲགས་ཀྱི་ ལས་རིམ་འགོ་བཙུགས་ཆོགཔ་ད་ ཚོགས་རྒྱན་བསྐྱུར་ནི་གི་དུས་ཚོད་ གཏན་འཁེལ་བཟོ་ཡོད་པའི་ དུས་ཡུན་ཆུ་ཚོད་༤༨ ཀྱི་ སྔ་གོང་ལུ་ མཇུག་བསྡུ་དགོཔ་ཨིན་པས།

ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ ཀོ་བིཌ་-༡༩ འི་ གནས་སྟངས་ནང་ བཙག་འཐུ་འགོ་འདྲེན་འཐབ་ནིའི་ འཆར་གཞི་དང་ ཐབས་བྱུས་ཚུ་ག་ར་ བཏོན་ཏེ་ཡོདཔ་བཞིན་དུ་ གོ་བ་བརྡ་སྤྲོད་འབད་ནིའི་ མཁོ་ཆས་ཚུ་ཡང་ བཟོ་སྟེ་ཡོད་པའི་ཁར་ བརྡ་བརྒྱུད་ཐོག་ལས་ མི་མང་ལུ་ གོ་བརྡ་ཚུ་ སྤྲོད་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ནད་ཡམས་དེ་ མི་སྡེའི་ནང་ འཐོན་ནི་ལས་ ཉེན་སྐྱོབ་འབད་ཐབས་ལུ་ དགོས་མཁོ་ཅན་གྱི་ ཐབས་ལམ་ཚུ་ སྒྲིག་འོང་ཟེར་ཨིནམ་ད་ བཙག་འཐུ་དེ་ཡང་ དུས་ཚོད་ཁར་ འགོ་འདྲེན་འཐབ་ནི་སྦེ་ འཆར་གཞི་བརྩམས་ཏེ་ཡོད་ཟེར་ཨིན་པས།

བཙག་འཐུ་བཅའ་ཁྲིམས་དང་འཁྲིལཝ་ད་ འདེམས་ཁྲི་སྟོངམ་ཐོན་པའི་ཉིནམ་ལས་ སྤྱི་ཚོགས་ནང་ ཨིན་པ་ཅིན་ དུས་མིན་བཙག་འཐུ་དེ་ དུས་ཡུན་ཉིན་གྲངས་༩༠ འི་ནང་འཁོད་ལུ་ འགོ་འདྲེན་འཐབ་དགོཔ་ཨིན་པས།

དེ་དང་འཁྲིལ་ཏེ་ ཐིམ་ཕུག་དང་ དགེ་ལེགས་ཕུག་ དེ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་༣ ནང་ བཙག་འཐུ་དུས་ཚོད་ཁར་ འགོ་འདྲེན་འཐབ་ནི་ལུ་ གྲ་སྒྲིག་འབད་དེ་ཡོད་ཟེར་ ཕུརཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།

བཙག་འཐུ་དེ་ཡང་ སྤྱི་ཟླ་༥ པའི་ནང་འཁོད་ལུ་ འགོ་འདྲེན་འཐབ་དགོཔ་སྦེ་ཡོདཔ་ད་ བཅའ་ཁྲིམས་དང་འཁྲིལཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ གཞུང་དང་གྲོས་བསྟུན་ཐོག་ དུས་ཚོད་དེ་གི་སྐབས་ འགོ་འདྲེན་འཐབ་ནི་ལུ་ དཀའ་ངལ་སྐོར་ ངོ་སྦྱོར་འབད་བ་ཅིན་ ཕར་འགྱངས་འབད་ཆོག་ཟེར་ཟེར་ཨིན་པས།

ལྷན་ཚོགས་དང་འཁྲིལཝ་ད་ ཁྲོམ་སྡེ་༣ ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༡༠,༠༠༠ གིས་ ཐོ་བཀོད་འབད་དེ་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ བཙག་འཐུ་དེ་ སྤྱི་ཟླ་༩ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་པས།

ད་ལྟོ་ ཁྲོམ་དཔོན་སྦེ་ ཕྱག་ཞུ་མི་ཚུ་གིས་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་དེ་ཡོདཔ་ད་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ གནས་ཡུན་༢ པ་དེ་ ཚང་དོ་ཡོདཔ་བཞིན་དུ་ དགེ་ལེགས་ཕུག་གི་ཁྲོམ་དཔོན་ ཊི་ཀ་རམ་ཀཱཕ་ལེགས་དང་ ཕུན་ཚོགས་གླིང་ཁྲོམ་དཔོན་ ཨུ་ཊར་ཀུ་མ་རའེ་༢ ཀྱི་ གནས་ཡུན་དང་པ་དེ་ མཇུག་བསྡུ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *