གྲོས་འཛོམས་ནང་བཅའ་མར་གཏོགས་མི་ འཐུས་མི་ཚུ།

ཁྲོམ་སྡེ་ལས་བྱེད་ཚོགས་ཆུང་གིས་ སྨྱོ་རྫས་ཚོང་འབྲེལ་ལྟ་རྟོག་འབད་ནི།

༉ ས་མཚམས་ཀྱི་ ཁྲོམ་ཚོགས་ཚུ་ནང་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚོང་སྒྱུར་འཐབ་མི་དང་ བཀྲམ་སྤེལ་འབད་མི་ཚུ་ ལྟ་རྟོག་དང་ ཞིབ་དཔྱད་ལེགས་ལྡན་འབད་ཐབས་ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་འོག་ལུ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ལས་བྱེད་ཚོགས་ཆུང་གི་ འཐུས་མི་གྲངས་སུ་ ཁྲོམ་སྡེ་དང་ ཁྲིམས་སྲུང་འགག་སྡེ་ ཅ་དམ་ ཕྱི་མི་ནང་སྐྱོད་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་ དེ་ལས་ འབྲུག་ཚོང་འབྲེལ་ལས་ཁུངས་ཚུ་ ཡོདཔ་ཨིན་པས།
དེ་ཡང་ འདས་པའི་བདུན་ཕྲག་ནང་ འབྲུག་སྨྱོ་རྫས་བཀག་དམ་དབང་འཛིན་གྱིས་ ཉིན་གྲངས་༣ གྱི་རིང་ གྲོས་སྟོན་ཞལ་འཛོམས་ཅིག་ འཚོགས་མི་དང་འཁྲིལ་ཨིནམ་ད་ འབྲུག་སྨྱོ་རྫས་བཀག་དམ་དབང་འཛིན་དང་ ལས་བྱེད་ཚོགས་ཆུང་གཉིས་ཀྱིས་ ཏམ་ཁུ་དང་ སྨྱོ་རྫས་དམ་འཛིན་གྱི་དོན་ལུ་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཟེར་ གན་ཡིག་གུ་ མཚན་རྟགས་བཀོད་ནུག།
ལས་རིམ་གཙོ་འཛིན་འགོ་དཔོན་འོག་མ་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ད་ཚུན་ རྒྱལ་ཁབ་ནང་ སྨྱོ་རྫས་བཀག་དམ་འབད་ཐབས་ལུ་ འབྲེལ་ཡོད་ལས་སྡེ་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ སྨན་ཁང་གི་ རྒྱབ་སྐྱོར་ཐོག་ལས་ འབྲུག་སྨྱོ་རྫས་བཀག་དམ་དབང་འཛིན་གྱིས་ འགོ་འདྲེན་འཐབ་སྟེ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་གཞན་ཚུ་ གལ་གནད་ཅན་གྱི་ གནད་དོན་སྐབས་ལུ་མ་གཏོགས་ བཅའ་མར་གཏོགས་ནི་མེད་ཟེར་ཨིན་པས།
ལས་རིམ་གཙོ་འཛིན་གྱིས་ སླབ་མིའི་ནང་ འབྲེལ་ཡོད་ལས་སྡེ་ཚུ་གི་ཁ་ཐུག་ལས་ རྒྱབ་སྐྱོར་ཚུ་ འབད་བཞིན་དུ་ར་ཡོད་རུང་ གཞི་རྩ་སྒྲིང་སྒྲི་ཅིག་ བཟོ་བཟོཝ་མེདཔ་ལས་ ད་རེས་ མཚན་རྟགས་བཀོད་མིའི་ གན་ཡིག་དེ་གིས་ ཕན་ཐོགས་སྦོམ་ར་ འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཉམ་རུབ་ཐོག་ལས་ འབད་བརྩོན་བསྐྱེད་དེ་ འབད་བ་ཅིན་ གྲུབ་འབྲས་ལེགས་ཤོམ་འབྱུང་ཚུགས་པའི་ཁར་ མི་སྡེའི་ནང་ སྨྱོ་རྫས་ཀྱིས་ གནོད་པ་ག་དེ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ ཡང་ འཕྲོ་མཐུད་འབད་ནི་ཟེར་ཨིན་པས།
ལས་བྱེད་ཚོགས་ཆུང་གཞི་བཙུགས་འབད་མི་གིས་ ན་གཞོན་ཚུ་ ཁོང་རའི་རིག་རྩལ་ ཡར་རྒྱས་གཏང་ནི་ལུ་ཡང་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
འབྲུག་སྨྱོ་རྫས་བཀག་དམ་དབང་འཛིན་གྱི་ ཉེན་སྲུང་གན་ཡིག་དེ་གིས་ ལམ་སྟོན་དང་ སྨྱོ་རྫས་བཀག་འཛིན་འབད་ནི་ དེ་ལས་ ཁྲོམ་སྡེ་ལུ་ རྒྱབ་སྐྱོར་འཕྲོ་མཐུད་དེ་ར་ འབད་འོང་ཟེར་ཨིན་པས།
འབྲུག་སྨྱོ་རྫས་བཀག་དམ་དབང་འཛིན་གྱིས་ ལས་རིམ་ཚུ་ རྫོག་ཁག་དང་ ལུང་ཕྱོགས་སོ་སོར་ཚུ་ནང་ལས་ཕར་ འགོ་འདྲེན་འཐབ་འོང་ཟེར་ཨིནམ་ད་ མོ་བཏབ་ལས་འགུལ་དོན་ལུ་ མ་དངུལ་རྒྱབ་སྐྱོར་དེ་ ཐིམ་ཕུག་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལོའི་ཤེས་ཡོན་མ་དངུལ་གྱིས་ བྱིན་ཡོད་པའི་གནས་ཚུལ།

ར་ཇེས་དང་ རྣམ་རྒྱལ་དབང་མོ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *