ཁྲོམ་སྡེ་གིས་ གཞུང་ས་ལག་ལེན་ནང་ ཚུལ་མཐུན་མེད་པའི་ གསལ་སྟོན་བྱུང་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལས་འབྲེལ་རྩིས་ཞིབ་ གསར་གཏོན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ཁྲོམ་སྡེའི་གཞུང་ས་ཚུ་ མི་ཚུ་གིས་ ལག་ལེན་འཐབ་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་ཡང་ ཕུན་ཚོགས་གླིང་ལུ་ གཞུང་ས་ལག་ལེན་འཐབ་པའི་ གནད་དོན་༧༣ དེ་ཅིག་དང་ ཐིམ་ཕུག་ལུ་ གནད་དོན་༤ ཡོདཔ་བཞིན་དུ་ ས་ཆ་དེ་ཡང་ མཛོད་ཁང་དང་ སྣུམ་འཁོར་བཞག་ས་ སྣུམ་འཁོར་བཞག་ཁང་ དེ་ལས་ ཚོང་འབྲེལ་གྱི་དོན་ལུ་ གླ་ཁར་བཏང་སྟེ་འདུག་ཟེར་ ལས་འབྲེལ་རྩིས་ཞིབ་ཀྱི་ སྙན་ཞུ་ནང་བཀོད་ནུག།
གཞུང་གི་ས་ཆ་ ཚུལ་མིན་ཐོག་ལས་ གླ་ཁར་བྱིན་མི་དང་ ས་ཆ་འཛིན་སྐྱོང་འབད་བའི་ངེས་གཏན་ མ་བཟོ་མི་གིས་ འོང་འབབ་བསྡུ་ལེན་ཚུལ་མཐུན་འབད་མ་ཚུགསཔ་ལས་ དེ་གིས་ ཕུན་ཚོགས་གླིང་ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༨.༣༩༦ དང་ ཐིམ་ཕུག་ཁྲོམ་སྡེ་ནང་ འོང་འབབ་དངུལ་ཀྲམ་༢༢༥,༢༤༦ དེ་ཅིག་ འཛགས་ལུས་ཤོར་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ཡོད་པའི་ རྒྱ་ཐག་བཟོ་གྲྭ་ཁང་ ཡོངས་གྲགས་ལུ་ ཕུན་བཟོ་གྲྭ་ཁང་དེ་ སྤྱི་ལོ་༡༩༧༤ ལུ་ གཞི་བཙུགས་འབད་མིའི་ ཡིག་ཆ་ཚུ་ བསྐྱར་ཞིབ་འབདཝ་ད་ དབང་འཛིན་གྱིས་ བཟོ་གྲྭ་ཁང་དེ་ ནམ་གཞི་བཙུགས་འབད་ཡོདཔ་ཨིན་ན་ ཐོ་བཀོད་མེད་པའི་ཁར་ གླར་སྤྱོད་ཡང་མེད་པའི་ ཤེས་རྟོགས་བྱུང་ནུག།
འོང་འབབ་དང་ གླར་སྤྱོད་ཀྱི་འཐུས་ཚུ་ གཞི་བཙུགས་འབད་ཞིནམ་ལས་ཚུལ་ མ་སྤྲོད་པར་ལུས་ཡོདཔ་ད་ བཟོ་གྲྭ་ཁང་གི་ ས་ཆ་རྒྱ་ཁྱབ་ ཕིཊ་གྲུ་བཞི་༨,༡༥༠ དེ་ཅིག་ཡོདཔ་ལས་ གལ་སྲིད་ ཁྲོམ་སྡེ་ལུ་ ས་ཁྲལ་བཏབ་དགོ་པ་ཅིན་ བཟོ་གྲྭ་ཁང་གིས་ རྩིས་ཆད་ དངུལ་ཀྲམ་༡༡༩,༨༠༥ དེ་ཅིག་ སྤྲོད་དགོཔ་མ་ཚད་ གླར་སྤྱོད་ཀྱི་རྩིས་ཆད་ དངུལ་ཀྲམ་༩༤༠,༦༤༥ དེ་ཅིག་ སྤྲོད་དགོ་ནི་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ནང་ དུས་ཐུང་གི་ བསྐྱར་ཞིབ་འབདཝ་ད་ དབང་འཛིན་གྱིས་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་གྱི་ རྒྱབ་ཁར་ འཁོར་ལམ་དང་ སྒྲིང་ཁྱིམ་བར་ནའི་ གཞུང་ས་ཆ་ཤེས་ཅིག་ ས་གནས་ཀྱི་ མི་སེར་༡༤ ལུ་ གླ་ཁར་བྱིན་ཡོད་པའི་ ཤེས་རྟོགས་བྱུང་ནུག།
ས་ཆ་དེ་ཡང་ སྤྱི་ལོ་༢༠༡༤ ཟླ་༢ པ་ལས་ སྤྱི་ལོ་༢༠༡༧ ཟླ་༢ པ་ཚུན་གྱི་རིང་ལུ་ ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢༠ རེ་རྩིས་ཐོག་ ལོ་༣ གྱི་རིང་ གླ་ཁར་སྤྲོད་ཡོད་རུང་ ས་ཆ་དེ་ ད་ལྟོ་ གླར་སྤྱོད་འབད་མི་ཚུ་གིས་ སྣུམ་འཁོར་བཞག་ས་སྦེ་ བཟོ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ ཕྱིར་སེལ་གྱི་ དབྱེ་དཔྱད་འབདཝ་ད་ གཞི་རྟེན་མཁོ་ཆས་ཚུ་ ཁྲོམ་སྡེ་གིས་ བརྡལ་མ་བཏང་པའི་ཁར་ ཆིངས་ཡིག་གི་ དུས་ཚོད་རྫོགས་ཞིནམ་ལས་ གླ་འཐུས་བསྡུ་ལེན་འབད་ནི་ལུ་ བཀག་ཆ་འབད་བཞག་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
སྤྱིར་བཏང་ དུས་ཐུང་གི་ གླ་འཐུས་ལེན་ནིའི་ དུས་ཚོད་དེ་ ལོ་༣ ཨིན་རུང་ བསྐྱར་གསོ་མ་འབད་བར་བཞགཔ་མ་ཚད་ དུས་ཡུན་དེ་ཡང་ ལོ་༤ ལུ་ ཆ་འཇོག་འབད་ནུག་ཟེར་ཨིན་པས།
སྣུམ་འཁོར་བཞག་ས་བཟོ་མི་གིས་ ས་གནས་ཀྱི་ མི་ཚུ་ལུ་ ཁ་ཕན་བྱུང་རུང་ ཁྲོམ་སྡེ་གིས་ ལམ་ལུགས་ཚུ་ ཁྲིམས་མཐུན་ལྟར་ བསྟར་སྤྱོད་མ་འབད་བས་ཟེར་ཨིན་པས།
ཁྲོམ་སྡེ་ཚུ་ནང་ ཞབས་ཏོག་གི་འཐུས་ ཚུལ་བཞིན་བསྡུ་ལེན་མ་འབད་བའི་ གནད་དོན་ཐོག་ལུ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ བཙོག་གཡུར་དང་ ཆུའི་འཐུས་ཚུ་འབདཝ་ད་ བརྒྱ་ཆ་༥༠ དེ་ཅིག་ ཚུལ་མཐུན་མིན་འདུག་ཟེར་ཨིན་པས།
དབང་འཛིན་གྱིས་ ཁྲོམ་སྡེ་གཉིས་ནང་ བསྐྱར་ཞིབ་འབད་བའི་སྐབས་ བཙེོག་དུང་མེད་པའི་ སྒྲིང་ཁྱིམ་བརྒྱ་ཆ་༥༠ དེ་ཅིག་ལས་ བཙོག་ཆུ་འཐུས་དང་ ཆུའི་འཐུས་ཚུ་ བསྡུ་ལེན་འབད་ཡོད་པའི་ ཤེས་རྟོགས་བྱུང་ནུག
དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ དེ་ལས་ ཐིམ་ཕུག་ཁྲོམ་སྡེའི་ནང་ ནང་འཁོད་ལམ་ལུགས་ ལེགས་ཤོམ་མེད་ལས་བརྟེན་ འོང་འབབ་དངུལ་ཀྲམ་ས་ཡ་༢༠.༡༦༩ དེ་ཅིག་ བསྡུ་ལེན་མ་འབད་བར་འདུག་ཟེར་ སྙན་ཞུ་ནང་ བཀོད་ཡོདཔ་མ་ཚད་ ཁྲོམ་སྡེ་གིས་ གཞུང་ས་སྟོངམ་དང་ གུང་ཁྲལ་ དེ་ལས་ ཞབས་ཏོག་གི་ ཁྲལ་ལ་སོགས་པ་ཚུ་ རྩིས་བཀོད་ཚུལ་བཞིན་ མ་འབད་བར་ཡོདཔ་ཨིན་པས།
རྩིས་ཞིབ་འབད་བའི་སྐབས་ དགེ་ལེགས་ཕུག་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༡༢༢.༩༤ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ དངུལ་ཀྲམ་ས་ཡ་༣༡༠ དང་ བསམ་གྲུབ་ལྗོངས་མཁར་གྱིས་ དངུལ་ཀྲམ་ས་ཡ་༤༦.༢༣ དེ་ལས་ ཐིམ་ཕུག་ཁྲོམ་སྡེ་གིས་ དངུལ་ཀྲམ་ས་ཡ་༤༨༥.༨༥ བསྡུ་ལེན་འབདཝ་ད་ ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༩༦༥.༡༨ བསྡུ་ལེན་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *