༉ ལྷོ་ཐིམ་ཕུག་གི་འཐུས་མི་ ཡེ་ཤེས་སྦྱིན་པ་གིས་ ཞབས་ཏོག་བློན་པོ་ལུ་ རྫོང་ཁག་ཁྲོམ་སྡེ་དང་ ཡན་ལག་ཁྲོམ་སྡེ་ཚུ་ ན་ཧིང་ མངོན་མཐོ་ཁྲིམས་འདུན་གྱིས་ བཀའ་འཕྲིན་གནང་པའི་ཤུལ་ལས་ མི་སེར་ཚུ་ མགུ་འཐོམ་བྱུང་ཡོདཔ་མ་ཚད་ གོང་འཕེལ་གྱི་མཐུན་རྐྱེན་ཚུ་ མི་འཐོབ་ནི་མས་མནོ་བའི་ ཚ་གྱང་ཡོདཔ་ལས་ གཞུང་གིས་ ཁྲིམས་མཐུན་ཐོག་ལས་ ནམ་འགོ་བཙུགས་ནི་གི་ འཆར་གཞི་ཡོད་ག་ཟེར་ཞུ་ཡི།
དེ་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ མོ་ར་ འདེམས་ཁོངས་ལྟ་སྐོར་སྐབས་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ལས་ཕར་ ག་དེམ་ཅིག་ཡང་ སོང་ཡོདཔ་ལས་ མི་ཚུ་མགུ་འཐོམ་མེན་པར་ ཚ་གྱང་ལང་མི་དེ་ ཁྲོམ་སྡེ་དེ་ མི་སེར་ཚུ་གི་དོན་ལུ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ནའི་ བརྡ་མཚོན་སྟོནམ་མས་ཟེར་ཞུ་ཡི།
བློན་པོ་གིས་འབད་བ་ཅིན་ གཞུང་གིས་ རྩ་ཁྲིམས་ཆེན་མོའི་དོན་ཚན་༢༢ པའི་ ཁ་པ་དང་འཁྲིལ་ རྫོང་ཁག་ག་རའི་ནང་ ཁྲོམ་སྡེ་དང་ ཡན་ལག་ཁྲོམ་སྡེ་ གཞི་བཙུགས་འབད་དགོཔ་སྦེ་ ཡོད་མི་དང་འཁྲིལ་ ཁས་བླངས་འབད་དེ་ཡོད་ཟེར་ ཞུ་ཡོདཔ་བཞིན་དུ་ གནད་དོན་དེ་ ཚོགས་ཁང་ནང་བཙུགས་ཏེ་ གྲོས་བསྡུར་འབད་བའི་ཤུལ་ལས་ སྤྱི་ཚོགས་ཀྱིས་ ཆ་འཇོག་འབད་དེ་ཡོད་ཟེར་ཞུ་ཡི།
དེ་འབདཝ་ལས་ ད་ཚུན་ གྲོས་ཐག་བཅད་མི་ཚུ་ག་ར་ རྩ་ཁྲིམས་ལས་ འགལ་བ་མེད་ཟེར་ཨིནམ་ད་ དེ་མིན་ ད་ལྟོ་ཚུན་ གནད་དོན་དེ་ལུ་ ཚོགས་ཁང་གིས་ གྲོས་ཐག་བཅད་མི་ཚུ་ག་ར་ རྩ་ཁྲིམས་ལས་འགལ་ཏེ་ ཡོདཔ་འོང་ཟེར་ ཞུ་ཡོདཔ་ད་ ཁྲོམ་སྡེ་དང་ཡན་ལག་ཁྲོམ་སྡེ་ཆགས་ནིའི་སྐོར་ལས་ ཚོགས་ཁང་ནང་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་འབད་ཡོདཔ་མ་ཚད་ དེ་དང་འཁྲིལ་ རྫོང་ཁག་གི་ བཅད་མཚམས་ཚུ་ཡང་ འགོ་བཙུགས་ཡི་ཟེར་ཞུ་ཡི།
བློན་པོ་གིས་ གནད་དོན་དེ་ལུ་ ཚོགས་ཁང་གིས་ གྲོས་ཐག་བཅད་ཡོད་རུང་ བར་ན་ལས་ བཙག་འཐུ་ཚུ་ འགོ་འདྲེན་འཐབ་མ་ཚུགས་པར་ སྡོད་པའི་སྐབས་ མངོན་མཐོ་ཁྲིམས་འདུན་གྱིས་ བཀའ་འཕྲིན་གནང་མི་དེ་ཡང་ རྩ་ཁྲིམས་དང་ ས་གནས་གཞུང་གི་བཅའ་ཁྲིམས་ དེ་ལས་ བཙག་འཐུ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་ཚུ་ནང་ཡོད་མི་ དོན་ཚན་ཚུ་ གཅིག་མཚུངས་མེད་མི་ལུ་བརྟེན་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།
བཀའ་འཕྲིན་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ ཅན་མའི་ ས་གནས་གཞུང་གི་ བཅའ་ཁྲིམས་དང་ བཙག་འཐུ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་གཉིས་ནང་ བཀོད་ཡོད་མི་ གཞུང་གསརཔ་འགོ་བཙུགས་དགོ་པའི་ དུས་ཡུན་དེ་ རྩ་ཁྲིམས་ཆེན་མོ་དང་ གཅིག་མཚུངས་མིན་འདུག་ཟེར་ བཀོད་ཡོདཔ་ད་ ཁྲོམ་སྡེ་ཚུ་ནང་ འདེམས་ཁོངས་ཀྱི་ ཚད་གཞི་དེ་ཡང་ རྩ་ཁྲིམས་དང་མ་འཁྲིལ་བས་ཟེར་ བཀོད་ཡོདཔ་ཨིན་པས།
རྩ་ཁྲིམས་དང་འཁྲིལཝ་ད་ ཁྲོམ་སྡེ་ནང་ འདེམས་ཁོངས་ཉུང་ཤོས་༧ དང་ མཐོ་ཤོས་༡༠ འོང་དགོ་པའི་ཁར་ ཁྲོམ་དཔོན་དེ་ དེ་ནང་ མི་ཚུད་ནི་ཨིན་རུང་ ཁྲོམ་སྡེའི་བཙག་འཐུ་འབད་བའི་སྐབས་ ཐིམ་ཕུག་རྐྱངམ་གཅིག་ནང་མ་གཏོགས་ གཞན་ཁྲོམ་སྡེ་༣ ནང་ ཁྲོམ་དཔོན་ཡང་ དེ་གི་གྲས་ཁར་ བརྩིས་ཡོདཔ་ཨིན་པས།
མགུ་འཐོམ་བྱུང་མི་དེ་ གཙོ་བོ་ར་ སྤྱི་ཚོགས་ནང་ སྡོད་མི་ཚུ་གིས་ ཁྲིམས་ཀྱི་གོ་བ་ལེན་ཐངས་ཀྱི་ ཁྱད་པར་ལུ་བརྟེན་ ཨིན་མས་ཟེར་ཞུ་ཡི།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ གཞུང་གིས་ ཁྲོམ་སྡེ་ལྷག་ལུས་༡༦ ནང་ གཞི་བཙུགས་འབད་ནི་གི་ ཁས་བླངས་འབད་མི་དེ་ རྩ་ཁྲིམས་དང་འཁྲིལ་འབད་མི་དེ་ཡང་ ཁྲོམ་སྡེ་ལུ་བརྟེན་ རྫོང་ཁག་ནང་ དཔལ་འབྱོར་གྱི་ ཁེ་ཕན་འཐོབ་ཚུགསཔ་མ་ཚད་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་འོང་མིའི་ གྱངས་ཁ་ཡང་ མར་ཕབ་འབད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཞུ་ཡི།
ཁྲོམ་སྡེ་དང་ ཡན་ལག་ཁྲོམ་སྡེ་ གཞི་བཙུགས་འབད་ནིའི་ གྲོས་ཐག་བཅད་པའི་སྐབས་ རྒྱལ་ཡོངས་ཚོགས་སྡེ་ཡང་ཡོདཔ་ལས་ རྩ་ཁྲིམས་དང་མ་འཁྲིལ་བ་ཅིན་ ཁོང་གིས་འབད་མི་དེ་ཡང་ གལ་ཆེཝ་སྦེ་ ཆ་བཞག་དགོ་པས་ཟེར་ ཞུ་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།