༉ ཁ་ཙ་དྲོ་པ་ ཀྲོང་གསར་ཁྲོམ་ཉེ་འདབས་ལུ་ ཁྲུས་སྤང་རོང་ཆུ་བྲེས་མི་ལུ་བརྟེན་ ཁྲུས་སྤང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་དེ་ བྱེམ་དང་ རྡོ་རོ་ཚུ་གིས་ གང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲུས་སྤང་གཟིམ་ཅུང་གི་ ཁང་མིག་ཚུ་ནང་ཡང་ བྱེམ་དང་ རག་རོ་ཚུ་ འཛུལ་མི་ལུ་བརྟེན་ ཁ་ཙ་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་དང་ བདེ་སྲུངཔ་ དེ་ལས་ ཁྲིམས་སྲུང་འགག་པ་གིས་ སེལ་བཀོག་བའི་བསྒང་ཡོདཔ་ཨིན་པས།
རྫོང་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཁྲུས་སྤང་གི་ ས་ཁོངས་ནང་ཡོད་པའི་ ཆུ་གཡུར་ཚུ་ཡང་ ག་ར་བསུབས་ཡོདཔ་ལས་ སེལ་བའི་བསྒང་ཡོད་ཟེར་ཨིན་པས།
ཀྲོང་གསར་རྫོང་ཁག་གི་ བརྡ་བརྒྱུད་མགྲིན་ཚབ་ བརྡ་དོན་འཕྲུལ་རིག་འགོ་དཔོན་ ས་མིའུལ་ པར་དཱན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ལས་འགོ་བཙུགས་ ཆུ་ཚོད་༡༡ ཚུན་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ དེ་གི་ནངས་པར་ དྲོ་པའི་ཆུ་ཚོད་ཕྱེད་དང་༡ དེ་ཅིག་ཁར་ རོང་ཆུ་བྲེས་ཏེ་ ཆུ་རུད་ཐོན་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁ་ཙ་ མི་གྲངས་༣༠ དེ་ཅིག་གིས་ ཁྲུས་སྤང་གཟིམ་ཅུང་ འཕྱགས་བདར་རྐྱབ་ཡོདཔ་ཨིན་རུང་ མཇུག་བསྡུ་མ་ཚུགསཔ་ལས་ ད་རིས་ཡང་ འཕྲོ་མཐུད་དེ་ ལཱ་འབད་དགོཔ་བཟུམ་ཅིག་ འདུག་ཟེར་སླབ་ཅི།
ཁ་ཙ་ ཕྱགས་བདར་རྐྱབ་ནི་དང་ རག་རོ་ཚུ་ སེལ་ནིའི་ལཱ་འབད་ནིའི་དོན་ལུ་ ཀྲོང་གསར་རྫོང་ཁག་བདག་སྐྱོང་ཡིག་ཚང་དེ་ ངལ་གསོ་སྦེ་ བཞག་ཡོདཔ་ཨིན་པས།
ས་མིའུལ་ པར་དཱན་གྱིས་ བཤད་མིའི་ནང་ ཆུ་རུད་དེ་ལུ་བརྟེན་ ཀྲོང་གསར་ཁྲོམ་གྱི་ འཐུང་ཆུའི་རྐ་དེ་ཡང་ མེདཔ་བཏང་ཡོདཔ་ལས་ ཁ་ཙ་ཕྱི་རུ་ཚུན་ ཁྲོམ་ཁར་ འཐུང་ཆུ་མེདཔ་ཨིན་རུང་ རྫོང་ཁག་གི་ ཁྲོམ་སྡེ་ཞབས་ཏོག་སྡེ་ཚན་གྱི་ འགོ་དཔོན་ཚུ་ ཆུ་དུང་པ་ཡབ་ཚུ་འབག་སྟེ་ ཉམས་བཅོས་འབད་བར་ སོང་ཡི་ཟེར་ཨིན་པས།
བྱེམ་དང་ རྡོ་རོ་ཚུ་ལུ་བརྟེན་ ཁ་ཙ་དྲོ་པ་ ཀྲོང་གསར་དང་ དབང་འདུས་བར་ནའི་ གཞུང་ལམ་དེ་ཡང་ བསུབས་ཡོདཔ་ཨིན་རུང་ ཁོང་གིས་ ས་རྐོ་འཕྲུལ་ཆས་བཙུགས་ཐོག་ལས་འོང་སྟེ་ སེལ་ཡོདཔ་ལས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འཐབ་ནི་ལུ་ བར་ཆད་མ་བྱུངམ་ཨིན་པས།
ཁྲུས་སྤང་དང་ ཀྲོང་གསར་ཁྲོམ་གྱི་བར་ན་ ཆུ་འཁོར་མ་ཎི་ཅིག་ ཡོད་ས་ལས་འབབ་མི་ ཆུ་ཆུང་ཀུ་དེ་ཁར་ལས་ཡང་ ཆུ་རུད་ཐོན་ནུག།
ཨིན་རུང་ ས་རུད་དེ་ལུ་བརྟེན་ མི་དང་ སེམས་ཅན་ཚུ་གི་ ཚེ་སྲོག་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུངམ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།