ཁྲིམས་སྲུང་འགག་སྡེ་གིས་ བཙག་འཐུའི་དོན་ལུ་ ཉེན་སྲུང་གྲ་སྒྲིག་འབད་ཡོདཔ།

༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་དེ་ ཉེན་སྲུང་དང་ལྡནམ་སྦེ་ འགོ་འདྲེན་འཐབ་ཐབས་ལུ་ ཉེན་སྲུང་གི་ ཐབས་ལམ་ཚུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ ཁྲིམས་སྲུང་འགག་སྡེའི་ བཙག་འཐུ་སྲུང་སྐྱོབ་མཉམ་འབྲེལ་གཙོ་འཛིན་ དམག་སྲིད་པ་སངས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཉེན་སྲུང་གི་དོན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཁྲིམས་སྲུང་འགག་པ་༢,༥༠༠ ལྷགཔ་ཅིག་ བགོ་བཀྲམ་འབད་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དམག་སྲིད་པ་སངས་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ནོར་སྐྱོན་དང་ སྟབས་མ་བདེཝ་ཐོན་མི་ཚུ་ཡང་ ལེགས་བཅོས་འབད་ནི་ཨིནམ་ད་ ཁྲིམས་སྲུང་འགག་སྡེའི་ཧོངས་ལས་ དགོས་མཁོ་དང་འཁྲིལ་ཏེ་ སྲུང་སྐྱོབ་ཀྱི་ རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་ འབད་འོང་ཟེར་ཨིན་པས།
བཙག་འཐུའི་དུས་ཚོད་སྐབས་ ཉེན་སྲུང་བྱ་སྒོའི་ ལམ་ལུགས་དང་འཁྲིལ་ཏེ་ བློན་ཆེན་བགྲེསཔ་ལུ་ ཉེན་སྲུང་འགོ་དཔོན་༡ དང་དམག་མི་༡ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་དང་ གཞུང་སྐྱོང་གི་ བློན་པོ་བགྲེསཔ་ཚུ་གིས་ ཉེན་སྲུང་དམག་མི་རེ་ འཐོབ་ནི་ཨིནམ་ད་ གལ་སྲིད་ འགོ་ཐོག་བཙག་འཐུ་ནང་ གནས་ཡུན་ཚང་མི་ གཞུང་སྐྱོང་དང་ ལྡོག་ཕྱོགས་༢ སྤྱིར་བཏང་བཙག་འཐུ་ནང་ ལྷོད་མ་ཚུགས་པ་ཅིན་ བཙག་འཐུའི་གྲུབ་འབྲས་བཏོན་པའི་ ཉིནམ་ལས་འགོ་བཟུང་སྟེ་ ཉིན་གྲངས་༡༤ ཚུན་རྐྱངམ་གཅིག་ ཉེན་སྲུང་དམག་མི་ཚུ་ འཐོབ་ནི་ཨིན་པས།
དེ་འབདཝ་ད་ བློན་ཆེན་བགྲེསཔ་གིས་ ཉེན་སྲུང་དམག་མི་དང་ ཁྲིམས་སྲུང་འགག་པའི་ ཉེན་སྲུང་སྣ་ཁྲིད་སྣུམ་འཁོར་ཅིག་ དུས་རྒྱུན་དུ་ འཐོབ་ནི་ཨིན་པས།
དེ་ལས་ སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་གིས་ཡང་ ཉེན་སྲུང་དམག་མི་རེ་ འཐོབ་ནི་ཨིན་རུང་ སྤྱིར་བཏང་བཙག་འཐུ་ནང་ལྷོད་མི་ སྲིད་དོན་ཚོགས་པ་༢ ཀྱི་ ཉེན་སྲུང་དམག་མི་ཚུ་ འཕྲོ་མཐུད་དེ་ར་ བཞག་ནི་ཨིན་པས།
གལ་སྲིད་ བཙག་འཐུ་སྐབས་ ཚོགས་པའི་གཙོ་འཛིན་དང་ བློན་པོ་བགྲེསཔ་ཚུ་གིས་ སྐུ་སྒེར་གྱི་ ཉེན་སྲུང་དམག་མི་ཚུ་ མི་དགོ་ཟེར་ སླབ་པ་ཅིན་ ནང་སྲིད་ལྷན་ཁག་ བཀའ་ཁྲིམས་ལས་ཁུངས་ལུ་ ཡི་གུ་འབྲི་དགོ་ཟེར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ བཙག་འཐུ་ལས་ཁུངས་ཀྱི་གཙོ་འཛིན་ བསོད་ནམ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྲིད་དོན་ཚོགས་པའི་གཙོ་འཛིན་དང་ བློན་པོ་བགྲེསཔ་ཚུ་གིས་མ་གཏོགས་ འདེམས་ངོ་གཞན་ཚུ་གི་ ཉེན་སྲུང་དམག་མི་འཐོབ་ནི་གི་ འོས་འབབ་མེད་རུང་ དགོས་མཁོ་དང་བསྟུན་ གྲ་སྒྲིག་འབད་འོང་ཟེར་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ མི་སྡེ་བརྡ་བརྒྱུད་ཀྱི་ སྲིད་བྱུས་སྐོར་ སླབ་མིའི་ནང་ བཙག་འཐུའི་སྐབས་ ཉེན་ཁ་བཀལ་མི་རེ་འཐོན་པ་ཅིན་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་བ་ཨིནམ་ལས་ དེ་དང་བསྟུན་ ངོས་ལེན་འབད་འོང་ཟེར་ཨིན་པས།
གནས་ཡུན་ཚང་མི་ ནང་སྲིད་བློན་པོ་དང་ ཆུ་ཁ་སྦོང་སྒོར་-སྐྱབས་ཆ་འདེམས་ཁོངས་ཀྱི་འདེམས་ངོ་ ཟླ་བ་རྒྱལ་མཚན་གྱིས་ ད་རེས་ བཙག་འཐུ་སྐབས་ འདེམས་ངོ་ཚུ་ ཉེན་ཁ་བཀལ་མི་ མི་འཐོན་འོང་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༣ གྱི་བཙག་འཐུ་ནང་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་ཚུ་ལས་ ཉེན་ཁ་བཀལ་མི་ ག་ཡང་མ་ཐོན་ཟེར་ཨིནམ་ད་ ཆུ་ཁ་བཟུམ་ཅིག་ནང་འབད་བ་ཅིན་ སྲིད་དོན་ཚོགས་པའི་ འདེམས་ངོ་ག་ར་ ཁྱིམ་གཅིག་ནང་ ཉལ་དོ་ཟེར་ བཤདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་མགྲིན་ཚབ་ པཱན་སྦང་གི་འདེམས་ངོ་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ འདེམས་ངོ་ག་ར་ལུ་ ཉེན་སྲུང་དམག་མི་དགོཔ་ མ་མཐོང་རུང་ སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་ལུ་དགོཔ་ ངེས་བདེན་འདུག་ཟེར་ཨིན་པས།
འདེམས་ངོ་རྡོ་རྗེ་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ནང་ བློན་པོ་བགྲེསཔ་རེ་གིས་ ཉེན་སྲུང་དམག་མི་རེ་ ཐོབ་ཅི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཀྲོང་གསར་ནུབ་སྦིས་-སྟང་སི་སྦྱིས་ཀྱི་འདེམས་ངོ་ ཡེ་ཤེས་དཔལ་འབྱོར་གྱིས་ སླབ་མིའི་ནང་ འདེམས་ངོ་རེ་ལུ་ ཉེན་སྲུང་དམག་མི་རེ་ བགོ་བཀྲམ་འབད་བ་ཅིན་ ཟད་འགྲོ་སྦོམ་གནས་ནི་དང་ དཔེ་ངན་པ་སྟོན་ནི་མས་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ འབྲུག་འདི་ ཉེན་སྲུང་དང་ལྡན་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ ཉེན་སྲུང་དམག་མི་ཚུ་ གྲ་སྒྲིག་འབད་དགོཔ་ མིན་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *