ཁྲིམས་སྲུང་འགག་པ་གིས་ གྱི་གསོབ་མི་ དོགས་པ་ཅན་ འཛིན་བཟུང་འབད་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༡༤ ལུ་ ཐིམ་ཕུག་བར་སྦིས་ས་ལུ་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་ཅིག་ གྱི་གསོབ་སྟེ་ བསད་བཞག་པའི་ཤུལ་ལས་ ཚེ་འདས་དང་ ཁང་མིག་གཅིག་ཁར་སྡོད་མི་ དོགས་ཅན་ཕོ་སྐྱེས་དེ་ གར་སོང་མེད་པར་ བྱོག་སོང་ཡོད་རུང་ དེ་ཚེ་ར་ ནུབ་མོའི་ཆུ་ཚོད་༡༡.༣༠ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ དོགས་པ་ཅན་དེ་ ཁོ་རའི་གཡུས་ ཁ་རི་ཕུག་ལས་ འཛིན་བཟུང་འབད་ཡོདཔ་ད་ དེ་ཡང་ ཁྲིམས་སྲུང་འགག་པ་གིས་ ལོ་རྒྱུས་དང་ བརྡ་དོན་སྤེལ་ཡོད་མི་ལུ་བརྟེན་ཨིན་པས།

གནས་ཚུལ་བྱུང་ཁུངས་དང་འཁྲིལཝ་ད་ དོགས་པ་ཅན་གྱིས་ བྱ་ངན་འཐབ་ཡོདཔ་སྦེ་ ཁ་བཟེད་ནུག་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་སྡེ་ལས་འབད་བ་ཅིན་ དོགས་པ་ཅན་གྱིས་ ཐབ་ཚང་གི་ གྱི་ཅུང་དེ་ ལག་ལེན་འཐབ་སྟེ་ ཚེ་འདས་ཀྱི་བྱང་ཁོག་ལུ་ གསོབ་བྱིན་ཡོདཔ་སྦེ་ ངག་བརྗོད་བྱིན་ཡོདཔ་ཨིན་པས།

ཉམས་རྒུདཔ་ལུ་ གྱི་གསོབ་པའི་ཤུལ་ལུ་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ ཚེ་ལས་འདས་སོ་ནུག་ཟེར་ཨིན་པས།

བསམ་རྩེ་ལས་ཨིན་མི་ ཚེ་འདས་དེ་ བར་སྦིས་ས་ལུ་ སྒེར་སྡེའི་འོག་ལུ་ ལཱ་འབད་སྡོད་དོ་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༤ འི་དྲོ་པར་ ཚེ་འདས་དེ་ ལཱ་འབད་བར་ འོང་ནི་མེདཔ་ལས་ འགོ་དཔོན་དེ་གིས་ ཚེ་འདས་ཀྱི་ ཆ་རོགས་ཅིག་ཨིན་མི་དེ་ ཁྱིམ་ནང་ལྟ་བར་བཏང་ཡོདཔ་ད་ མཐོང་མི་གིས་ སླབ་མིའི་ནང་ དྲོ་པའི་ཆུ་ཚོད་༩.༤༥ དེ་ཅིག་ལུ་ ཁྱིམ་ནང་ལྷོད་དེ་ ལྟ་བའི་སྐབས་ སྒོ་མ་བསྡམས་པར་འདུག་ཟེར་ཨིན་པས།

ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ གཉིད་ཐལ་དོ་བཟུམ་ཡོདཔ་ལས་ ག་དེམ་ཅིག་ མིང་འབོ་རུང་ ལན་གསལ་སླབ་ནི་མེདཔ་ལས་ ཁོ་ར་ མ་ལྷོད་པའི་སྔོན་ལས་ར་ གྱོང་སོཔ་བཟུམ་ཅིག་འདུག་ཟེར་ཨིན་པས།

ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཚེ་འདས་ཀྱི་ བཟའ་ཚང་དེ་ བསམ་རྩེ་ལུ་ ཡོདཔ་བཞིན་དུ་ ཟླཝ་༡ ལང་མི་ ཨ་ལོ་ཅིག་ཡང་འདུག་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེ་གིས་ དོགས་པ་ཅན་ལུ་ མི་དམར་བསད་འབད་བའི་ ཉེས་འཛུགས་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *