༉ སྤྱི་ཚོགས་གསུམ་པའི་ བཙག་འཐུའི་བྱ་རིམ་ཚུ་གི་ ནང་ལས་ཡང་ དམིགས་བསལ་དུ་ འགོ་ཐོག་བཙག་འཐུ་དེ་ ཟླཝ་༡ དེ་ཅིག་གི་ ནང་འཁོད་ལུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ དེ་ལས་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་བསྐྱུར་མི་ཚུ་ རང་སོའི་ཐོབ་དབང་ བསྟར་སྤྱོད་འབད་ནིའི་དོན་ལུ་ སག་ལང་སྟེ་སྡོད་སར་ མཐོང་གསལ་བྱུངམ་མས།
དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་ ཁྱད་ཚད་ལྡན་པའི་ འབྲུག་པའི་མི་སེར་ཚུ་ལུ་ ཚོགས་རྒྱན་བསྐྱུར་ནིའི་ ཐོབ་དབང་གནང་མི་ལུ་བརྟེན་ཨིན་མས།
དེ་འབདཝ་ད་ ཆོས་སྒོར་ཞུགས་མི་ཚུ་གི་ཐད་ལུ་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་ནང་ སྲིད་དོན་ཚོགས་པ་ཅིག་ནང་འཛུལ་བ་ ཡང་ཅིན་ བཙག་འཐུའི་བྱ་རིམ་ནང་ གྲལ་གཏོགས་མེད་པར་ སྲིད་དོན་གྱི་ གནས་རིམ་ལས་ ཁྱད་འཕགས་ཐོག་ བཞུགས་དགོ་ཟེར་ འཁོད་དེ་ཡོད་རུང་ གྲོང་གཡུས་ཚུ་ནང་ ཆོསཔ་ཨིན་ཟེར་བ་ཅིན་ སོ་ནམ་གྱི་ ལཱ་འབད་སྡོད་མི་དང་ མི་གནགཔ་ཨིན་ཟེར་བ་ཅིན་ ཆོས་སྒོར་ཞུགས་མིའི་ གྱོན་ཆས་གྱོན་ཏེ་ འགྲོ་དོན་ཕྱམ་ཕྱིམ་རེ་འབད་དེ་ སྡོད་མི་ཚུ་གི་དོན་ལས་ ཁྲིམས་ལུགས་དང་ ལམ་སྟོན་དྭངས་གསལ་མེད་པའི་ གནད་དོན་ཚུ་ ཐོནམ་ཨིན་མས།
དཔེར་ན་ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ བཙག་འཐུའི་འགོ་དཔོན་ཚུ་གིས་ སྒོམ་ཆེན་༡༥ དེ་ཅིག་གི་ ཚོགས་རྒྱན་ངོས་འཛིན་འདྲ་པར་ཚུ་ འབག་སོང་མི་ལུ་བརྟེན་ ད་ལྟོ་ སྒོམ་ཆེན་ཚུ་ སེམས་དང་མ་ལྡན་པར་ཡོད་མི་དེ་ཡང་ ཁོང་གིས་ འདས་པའི་བཙག་འཐུ་ཚུ་ནང་ ཚོགས་རྒྱན་བཙུགས་ཡོདཔ་ འོང་ནི་ཨིན་རུང་ དེ་བསྒང་ བཀག་འཛིན་འབད་མི་ མ་ཐོན་ནི་དེ་གིས་ འོང་ནི་ཨིན་མས།
རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ལས་འདས་པའི་ ཡུལ་ལུ་གནས་དགོ་མི་དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ཆོས་ཡར་སྤེལ་མཛད་ནི་འདི་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་གི་ ཁག་འགན་ཨིན་པའི་ཁར་ འབྲུག་ལུ་ ཆོས་འདི་ སྲིད་དོན་དང་ ཐ་དད་གནས་དགོཔ་དེ་ཡང་ ངེས་བརྟན་འབད་བ་ལུ་བརྟེན་ཨིན།
དེ་གིས་མ་དོ་བར་ བཙག་འཐུ་བཅའ་ཁྲིམས་༢༠༠༨ ཀྱི་དོན་ཚན་༡༨༤ ཅན་མའི་ དགོངས་དོན་དང་འཁྲིལཝ་ད་ སྤྲུལ་སྐུ་དང་ བླ་མ་ ཡང་ན་ ཆོས་སྒོར་ཞུགས་པའི་ བསྐུལ་ནུས་ལྡན་མི་ཅིག་ ཡང་ན་ ཆོས་ལུགས་ ཡང་ན་ ཆོས་སྡེའི་གཙུག་སྡེ་གང་རུང་ནང་ འཛུལ་ཞུགས་འབད་ཡོད་མི་ འཐུས་མི་ཅིག་གིས་ སྲིད་དོན་ཚོགས་པ་ཅིག་ནང་འཛུལ་བ་ ཡང་ཅིན་ བཙག་འཐུའི་རིམ་པ་ནང་ གྲལ་གཏོགས་འབད་དེ་ སྲིད་དོན་ཚོགས་པ་ ཡང་ཅིན་ འདེམས་ངོ་ཅིག་གི་ ཁེ་ཕན་ལུ་དམིགས་ཏེ་ ཁོང་རའི་རྒྱུད་བསྐུལ་གྱི་ ནུས་ཤུགས་ཉེར་སྤྱོད་མ་འཐབ་པར་ སྲིད་དོན་གྱི་ གནས་རིམ་ལས་ ཁྱད་འཕགས་ཐོག་ བཞུགས་དགོཔ་ཨིན་མས།
འདི་འབདཝ་ད་ ཞི་བའི་མི་རྩིས་ཐོ་བཀོད་ནང་ ཆོས་སྒོར་ཞུགས་མི་སྦེ་ ཐོ་བཀོད་འབད་འབདཝ་མེད་རུང་ གྲོང་གཡུས་ཚུ་ནང་ སྒོམ་ཆེན་ ཡང་ཅིན་ ཨ་ནེམོ་ཅིག་གིས་ ཆོས་སྒོར་ཞུགས་མིའི་ གྱོན་ཆས་ཚུ་ གྱོན་ཏེ་སྡོད་པ་ཅིན་ ཚོགས་རྒྱན་བཙུགས་ཆོགཔ་ཨིན་ན?
བཙག་འཐུའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆོས་སྒོར་ཞུགས་མིའི་ གྱོན་ཆས་ཚུ་ གྱོན་ཏེ་ཡོད་པ་ཅིན་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མི་ཐོབ་ཟེར་ཨིནམ་ད་ གལ་སྲིད་ འདི་བཟུམ་མའི་ གང་ཟག་དེ་ ཆོས་སྒོར་ཞུགས་མི་མེན་རུང་ ཐོ་བཀོད་ནང་ ཆོས་སྒོར་ཞུགས་མི་ སྒོམ་ཆེན་དང་ ཨ་ནེམོ་སྦེ་ ཚུད་དེ་ཡོད་པ་ཅིན་ ཚོགས་རྒྱན་བཙུགས་ནིའི་ འོས་འབབ་མེད་ཟེར་ཨིན་མས།
ཆོས་སྒོར་ཞུགས་མིའི་ གྱོན་ཆས་གྱོན་ཏེ་ཡོད་མི་ལུ་ གཞི་བཞག་སྟེ་ ཚོགས་རྒྱན་བསྐྱུར་ནི་གི་ གོ་སྐབས་མ་བྱིན་པ་ཅིན་ རང་སོའི་ཐོབ་དབང་ལུ་ བརྩི་མཐོང་མེད་པའི་ བརྡ་མཚོན་ཅིག་ཨིན་མས།
གནད་དོན་དེ་ཚུ་ལུ་ལྟཝ་ད་ ཆོས་འདི་ སྲིད་དོན་དང་ ཐ་དད་གནས་དགོཔ་ཨིན་རུང་ སྐྱ་རིངམོ་སྦེ་བཞག་མི་དང་ ཆོས་སྒོར་ཞུགས་མིའི་ གྱོན་ཆས་གྱོན་མི་ཚུ་ཡང་ སྒོམ་ཆེན་ ཡང་ཅིན་ ཨ་ནེམོ་སྦེ་ བརྩི་འཇོག་ཐོག་ ཚོགས་རྒྱན་གྱི་ ཐོབ་དབང་མེདཔ་ བཟོ་ནི་དེ་ འོས་ལྡན་ཅིག་མི་མཐོངམ་མས།
འདི་འབདཝ་ལས་ ཆོས་སྒོར་ཞུགས་མི་ཚུ་གི་ ཁྲིམས་ཡིག་དང་ བཅའ་ཡིག་ ལམ་སྟོན་ཚུ་ བསྐྱར་ཞིབ་འབད་དེ་ དྭངས་གསལ་བཟོ་བ་ཅིན་ མགུ་འཐོམ་དགོཔ་དང་ སྟབས་མ་བདེཝ་ཚུ་ འཐོན་དགོཔ་མིན་འདུག།
Check Also
ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།
༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …