ཁྲིམས་ལུགས་དྭངས་གསལ་དགོ་ནི།

༉ སྤྱི་ཚོགས་༣ པའི་བཙག་འཐུ་བྱ་རིམ་ འགོ་བཙུགས་ནི་གི་ དུམ་ཁ་དཔག་དོ་ཡོདཔ་ལས་ སྲིད་ཚོགས་དང་ སྲིད་དོན་པ་ཚུ་གིས་ བཙག་འཐུ་དང་འབྲེལ་བའི་ བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ ལམ་སྟོན་ལ་སོགས་པའི་ དོན་ཚན་དྭངས་གསལ་མེད་མི་ཚུ་ལུ་ གོ་སྐབས་ལེན་ནི་གི་ འོས་འབབ་སྦོམ་འདུག།
སྲིད་ཚོགས་ལ་ལོ་གིས་ གནད་དོན་དེ་གི་སྐོར་ ཉོགས་བཤད་བཀོད་ནི་ འགོ་བཙུགས་ཡོད་མི་ཚུ་གི་གྲས་ལས་ ད་ལྟོ་ གོ་གནས་ཐོག་ཡོད་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཁོང་རའི་ཚབ་སྦེ་བཙུགས་མི་ འདེམས་ངོ་ཚུ་ གོམས་འདྲིས་ལྟ་སྐོར་ལུ་ཁྱིད་དེ་ མི་སེར་ཚུ་ལུ་ ངོ་སྤྲོད་འབད་མིའི་སྐོར་ཨིནམ་ད་ དེ་ཡང་ འཐུས་མི་ཚུ་གིས་ གོམས་འདྲིས་ལྟ་སྐོར་འབདཝ་ད་ གཞུང་གི་མཐུན་རྐྱེན་ཚུ་ ལོག་སྤྱོད་འབད་མི་ལུ་བརྟེན་ཨིན་མས།
དཔེར་ན་ མི་སེར་དམངས་གཙོ་ཚོགས་པའི་ སྤུ་ན་ཁ་དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ཀྱི་འཐུས་མི་ རྡོ་ཕུག་འབྲུག་པ་དེ་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ འདེམས་ངོ་མེན་རུང་ ཁོ་གི་ཚབ་སྦེ་ཐོན་མི་དེ་ གོམས་འདྲིས་ལྟ་སྐོར་ལུ་ཁྱིད་དེ་ མི་སེར་ཚུ་ལུ་ ངོ་སྤྲོད་འབདཝ་ད་ གཞུང་གི་རྒྱུ་དངོས་ཚུ་ ལོག་སྤྱོད་འབད་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ འབྲུག་མཉམ་རུབ་ཚོགས་པ་གིས་ ཉོགས་བཤད་བཀོདཔ་ཨིན་མས།
ད་རུང་ འཕྲལ་ཁམས་ཅིག་ཁར་ མོང་སྒར་གྱི་འཐུས་མི་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ མོང་སྒར་ལུ་ སྲིད་ཚོགས་ཀྱི་རྫོང་ཁག་ཡིག་ཚང་སྒོ་འབྱེད་སྐབས་ གཞུང་གི་རྒྱུ་དངོས་ཚུ་ ལོག་སྤྱོད་འབད་ནུག་ཟེར་ ཁ་ཉེས་བཀལ་ནུག།
དེ་བཟུམ་སྦེ་ དུས་ཅིའི་ལོ་སྔ་ཆ་ལུ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ རྒྱལ་ཁམས་ཀྱི་ ཟད་འགྲོའི་ཐོག་ལུ་ བཀྲིས་སྒང་ལུ་ ལྟ་སྐོར་འབདཝ་ད་ ར་ལྡི་-སག་སྟེང་གི་འདེམས་ངོ་དེ་ ངོ་སྤྲོད་འབད་བའི་སྐོར་ འབྲུག་མཉམ་རུབ་ཚོགས་པ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་འབད་ནུག།
ད་རུང་ འབྲུག་ཕུན་སུམ་ཚོགས་པའི་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ བསམ་རྩེ་དང་ རྩི་རང་རྫོང་ཁག་ཚུ་ནང་ ལྟ་སྐོར་འབད་བའི་ཞོར་ཁར་ འདེམས་ངོ་ཚུ་ ངོ་སྤྲོད་འབད་ཡོད་པའི་ ཉོགས་བཤད་ཡང་བཀོད་ནུག།
མ་གཞི་ གོམས་འདྲིས་ལྟ་སྐོར་འབདཝ་ད་ སྲིད་དོན་པ་ཚུ་གིས་ འདེམས་ངོ་ཚུ་ འདེམས་ཁོངས་སོ་སོའི་ནང་ ངོ་སྤྲོད་འབད་ནི་ལུ་ སྟབས་མ་བདེཝ་ཅིག་ མི་མཐོངམ་མས་ཟེར་ སླབ་ཨིན་རུང་ སྲིད་ཚོགས་ལ་ལོ་གིས་འབད་བ་ཅིན་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་གིས་ འདེམས་ངོའི་ངོ་སྤྲོད་འབད་ཆོག་མི་ཆོག་སྐོར་ བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་ དྭངས་གསལ་མེད་པའི་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ཡང་ དོགས་སེལ་འབད་ནི་མེདཔ་ལས་ ལྷག་པར་དུ་ མགུ་འཐོམ་བྱུངམ་མས་ཟེར་ཨིན་མས།
བཙག་བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༢༩༩ པ་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་དང་ ཡང་ན་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཡང་ན་ གཞུང་གི་ཡིག་ཚང་འཆང་མི་ འགོ་དཔོན་གྱིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རྒྱུད་བསྐུལ་ཐོག་ སྲིད་དོན་ཚོགས་པ་ཅིག་གི་ཧོངས་ལས་དང་ ཡང་ན་ དེའི་རྒྱབ་འགལ་ལུ་ ཁོང་རའི་གོ་གནས་ཀྱི་ དབང་ཚད་སྤྱོད་ནི་མི་འོང་ཟེར་ བཀོད་དེ་ཡོད་པའི་ཁར་ དོན་ཚན་༣༠༠ པའི་ནང་ བློན་པོ་བརྩིས་ཏེ་ འཐུས་མི་དང་ ཡང་ན་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ གཞུང་དོན་དང་འབྲེལ་བའི་ འགྲོ་འགྲུལ་དང་ བཙག་འཐུའི་གྲལ་གཏོགས་དང་འབྲེལ་བའི་ ལཱ་གཉིསཔོ་དེ་ ཟུང་འབྲེལ་ཐོག་ལས་ འབད་མ་ཆོགཔ་མ་ཚད་ གཞུང་གི་མཐུན་རྐྱེན་དང་ མི་སྟོབས་ ཡང་ན་ གཞུང་འཁོར་ཚུ་ བཙག་འཐུ་འབྲེལ་གཏོགས་དང་འབྲེལ་བའི་ བཅའ་སྒྲིག་སྐབས་ ཚོགས་པ་ ཡང་ན་ འདེམས་ངོ་ཚུ་གིས་ རང་དོན་འགྲུབ་ཐབས་ལུ་ ཉེར་སྤྱོད་འཐབ་མི་ཆོག་ནི་ཨིན་མས།
བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ གོ་གནས་ཐོག་ཡོད་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ གཞུང་གི་རྒྱུ་དངོས་ཚུ་ སྤྱོད་མ་ཆོགཔ་བཟུམ་སྦེ་ གོ་བ་ལེནམ་ཨིན་རུང་ འབད་ཆོག་མི་ཆོག་གི་ དོགས་སེལ་འབད་ནི་དེ་ བཙག་འཐུ་ལྷན་ཚོགས་ཀྱི་ འགན་ཁུར་ཨིན།
འདི་འབདཝ་ལས་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ཉོགས་བཤད་བཀོད་མི་ཚུ་ལུ་ ངོས་ལེན་མ་འབད་བར་ ཁུ་སིམ་སི་སྦེ་ སྡོད་ནི་མེན་པར་ འབད་ཆོག་པ་ཅིན་ཆོག་དང་ མ་ཆོག་པ་ཅིན་ མི་ཆོག་ཟེར་ སླབ་དགོཔ་དང་ ཁྲིམས་ཡིག་ཚུ་ནང་ ཁ་གསལ་མེད་པ་ཅིན་ དྭངས་གསལ་བཟོ་ནི་དེ་ཁག་ཆེ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *