ཁྲིམས་འདུན་གྱིས་ མ་ལ་ཤི་ཡ་ལས་ ལོག་འོང་མི་ སློབ་ཕྲུག་༥ གི་ བཤེར་ཡིག་ལུ་ངོས་ལེན།

༉ ཐིམ་ཕུག་ལུ་ ཤེས་རིག་གྲོས་སྟོན་ལས་སྡེ་ཅིག་གིས་ མ་ལ་ཤི་ཡ་ལས་ ལོག་འོང་མི་ སློབ་ཕྲུག་༥ ལུ་ ནང་གན་དང་འཁྲིལ་ དངུལ་ཀྲམ་ས་ཡ་༡.༣༦༠ སྤྲོད་མ་བཏུབ་པར་ ཟླ་ངོ་༡ ལངམ་ད་ རྩོད་རྩ་ཚུ་གིས་ ཁ་ཙ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ནུག།
ཉམས་རྒུདཔ་སློབ་ཕྲུག་༥ གིས་ བཤེར་ཡིག་ནང་ བཀོད་པའི་ནང་གསལ་ གྲུབ་ཐོབ་ཤེས་རིག་གྲོས་སྟོན་དང་ གཡོག་གནས་ཚོང་སྡེའི་ཇོ་བདག་ ཨམ་འཆི་མེད་རིག་འཛིན་གྱིས་ ཁོང་ཆ་ཁྱབ་ མ་ལ་ཤི་ཡ་ལུ་ མཐོ་རིམ་ཤེས་ཡོན་སྦྱང་པར་ ཁྱིད་སོང་པའི་ཤུལ་ལས་ མགུ་སྐོར་རྐྱབ་མི་ལུ་བརྟེན་ ཁོང་གི་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་གི་ གོ་སྐབས་མེདཔ་བཟོ་བའི་ཁར་ ཁོང་གི་ཕམ་ཉམ་ཆུང་ཚུ་ བུ་ལོན་འོག་ལུ་ ཚུད་དེ་ཡོད་ཟེར་ཨིན་པས།
འདི་འབདཝ་ལས་ ཁྲིམས་འདུན་གྱིས་ ཨམ་འཆི་མེད་རིག་འཛིན་དེ་ ཁྲིམས་འདུན་ལུ་ འབོད་བཀུག་ཐོག་ སློབ་ཕྲུག་ཚུ་གིས་ སློབ་འཐུས་སྦེ་ སྤྲོད་མི་ཚུ་ ལེན་གནང་ཟེར་ གསོལ་ཞུ་ཕུལ་བའི་ཁར་ གལ་སྲིད་ མོ་ ཐིམ་ཕུག་ལུ་ མེད་པ་ཅིན་ མོ་གི་ ཕམ་སྤུན་ཆ་ཚུ་ལུ་ ཁྲིམས་འདུན་ལས་ འབྲེལ་བ་འཐབ་གནང་སྟེ་ འཚོལ་ཞིབ་མཛད་གནང་ཟེར་ བཤེར་ཡིག་ནང་ ཉེ་ཚན་ཚུ་གི་ ཁ་བྱང་དང་ འགྲུལ་འཕྲིན་ཨང་གྲངས་དང་བཅསཔ་སྦེ་བཀོད་ནུག།
རྩོད་རྩ་རྡོ་ལེགས་ཚོ་རིང་དང་ ལྷམོ་བསྟན་འཛིན་ བསོད་ནམས་དོན་གྲུབ་ བསྟན་པ་རྡོ་རྗེ་ བསོད་ནམས་སྟོབས་རྒྱས་༥ པོ་དེ་ གྲོས་སྟོན་ལས་སྡེ་བརྒྱུད་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ མ་ལ་ཤི་ཡ་ལུ་བཏང་མི་ སློབ་ཕྲུག་༢༣ གྱི་གྲས་ཁར་ཨིནམ་ད་ ཁོང་༥ པོ་དེ་ མ་ལ་ཤི་ཡ་ལུ་ དུས་ཡུན་ཟླ་ངོ་༡ འབད་མི་ འཛུལ་ཞུགས་སམ་ སྐྱོད་ཐམ་གྱི་ དུས་ཚོད་རྫོགས་པའི་ཤུལ་ལུ་ རྒྱ་གར་ལྡི་ལི་ལུ་ ལོག་འོང་སྟེ་ ཟླཝ་༢ དེ་ཅིག་ སྡོད་པའི་ཤུལ་ལུ་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ཨིན་པས།
སློབ་ཕྲུག་རེ་གིས་ གྲོས་སྟོན་པ་ལུ་ སློབ་འཐུས་དངུལ་ཀྲམ་༢༥༠,༠༠༠ དང་༢༨༠,༠༠༠ གི་བར་ན་ སྤྲོད་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་ སློབ་ཕྲུག་གི་ འཛུལ་ཞུགས་སྐྱོད་ཐམ་ཐོག་ལུ་མེན་པར་ ལྟ་བཤལ་པའི་ སྐྱོད་ཐམ་ནང་ མ་ལ་ཤི་ལ་ཡ་ལུ་ ཁྱིད་སོང་ཡོདཔ་ལས་ སྐྱོད་ཐམ་གྱི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༦ ལུ་ སློབ་ཕྲུག་༥ གི་ཕམ་དང་ ཉེ་ཚན་ཚུ་གིས་ འཆི་མེད་རིག་འཛིན་དང་གཅིག་ཁར་ ནང་གན་༣ པ་བཟོ་མི་དང་འཁྲིལ་བ་ཅིན་ གྲོས་སྟོན་ལས་སྡེ་གིས་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ཏི་རུ་ཚང་འགྲིག་སྦེ་ ལོག་སྤྲོད་ནི་སྦེ་ ཁས་ལེན་འབད་བའི་ཤུལ་ལས་ ཨམ་འཆི་མེད་རིག་འཛིན་དེ་ གར་སོང་མེད་པར་ བྱང་ད་ཡི་ཟེར་ རྩོད་རྩ་ཚུ་གིས་ བཤདཔ་ཨིན་པས།
ཁྲིམས་ཞབས་ལས་ ཨམ་འཆི་མེད་རིག་འཛིན་དེ་ འཚོལ་ཐབས་མེད་པ་ཅིན་ མོ་གི་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ ཀུན་ལེགས་ཚེ་རིང་རྡོ་རྗེ་དེ་ གནད་དོན་དེ་ནང་ འབྲེལ་བ་ཡོདཔ་མ་ཚད་ མཉམ་རོགས་ཡང་ཨིནམ་ལས་ ཁོ་ཡང་ ཁྲིམས་ཀྱི་འདུན་སར་ འབོ་གནང་ཟེར་ རྩོད་རྩ་༥ གིས་ བཤེར་ཡིག་ནང་བཀོད་ནུག།
ཁོང་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་ མ་ལ་ཤི་ཡ་ལུ་ མ་འགྱོ་བའི་ཧེ་མར་ སློབ་ཕྲུག་གི་ སྐྱོད་ཐམ་ཐོག་ལུ་ གཏང་ཚུགསཔ་འབད་ནི་ཨིན་ཟེར་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ཚེས་༡༣ ལུ་ སློབ་ཕྲུག་༢༣ དང་གཅིག་ཁར་ ནང་གན་བཟོ་མི་དེ་ནང་ འཆི་མེད་རིག་འཛིན་དང་ ཀུན་ལེགས་ཚེ་རིང་རྡོ་རྗེ་གིས་ མིང་རྟགས་བཀོད་དེ་ཡོདཔ་མ་ཚད་ མ་ལ་ཤི་ཡའི་ སྐྱོད་ཐམ་བཟོ་བར་ ནིའུ་ལྡི་ལི་ལུ་ སོངམ་ད་ཡང་ ཁོང་༢ ཀྱིས་ སྣ་ཁྲིད་འབད་དེ་ མ་ལ་ཤི་ཡ་ཚུན་ ཁྱིད་བསྐྱལ་ཟེར་ཨིན་པས།
དེ་མ་ཚད་ ད་ཚུན་གྱི་བར་ན་ མ་ལ་ཤི་ཡ་ལུ་ཡོད་མི་ འབྲུག་པའི་སློབ་ཕྲུག་༡༨ ཀྱི་དོན་ལུ་ ཏི་རུ་ཚུ་ ཀུན་ལེགས་ཚེ་རིང་རྡོ་རྗེ་གིས་ བསྐྱལ་བཞིན་དུ་ཡོད་པའི་ཁར་ ང་བཅས་ཀྱིས་ ཁོ་དང་ འགྲུལ་འཕྲིན་གྱི་ཐོག་ལས་ འབྲེལ་བ་འཐབ་རུང་ དངུལ་འབོར་དེ་ ཁོ་གིས་ སྤྲོད་འོང་ཟེར་ སླབ་མི་དང་ འཆི་མེད་རིག་འཛིན་དེ་ ཀཱོལ་ཀ་ཊ་ལུ་ཡོད་ཟེར་ སླབ་མི་ལུ་ བལྟ་བ་ཅིན་ ཤེས་རིག་གྲོས་སྟོན་པའི་ ཚོང་ལཱ་དེ་ མཉམ་འབྲེལ་ཐོག་འབད་བའི་ ང་བཅས་ལུ་ ཡིད་ཆེས་འདྲོངས་ཡི་ཟེར་ བཤེར་ཡིག་ནང་བཀོད་ནུག།
ཁོང་གིས་འབད་བ་ཅིན་ ཀུན་ལེགས་ཚེ་རིང་རྡོ་རྗེ་དེ་ ད་ལྟོ་ ཕུན་ཚོགས་གླིང་ཁྲོམ་སྡེའི་ནང་ སྣུམ་འཁོར་བཞག་ཁང་བཟོ་སྐྲུན་གྱི་ ཁག་འབག་གི་ ལཱ་འབདཝ་མས་ཟེར་ཨིན་པས།
དེ་ལས་ མ་ལ་ཤི་ཡ་ལུ་ སྐྱོད་ཐམ་གྱི་ དུས་ཡུན་རྫོགས་མི་ སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ ལོག་འོང་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ གྲ་སྒྲིག་འབད་བའི་བསྒང་ཡོད་རུང་ ཕམ་ཚུ་ལས་ ངོས་ལེན་དང་ མཉམ་འབྲེལ་ལེགས་ཤོམ་མེད་མི་ལུ་བརྟེན་ ད་ལྟོ་ ཐོགས་ལུས་ཏེ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ཤེས་རིག་ལྷན་ཁག་གི་ དྲུང་ཆེན་གྱིས་ མ་ལ་ཤི་ཡ་ལས་ སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ ལོག་གཏང་ནི་ལུ་ ལྷན་ཐབས་དང་ ཆ་རོགས་འབད་དགོཔ་སྦེ་ ཕྱི་འབྲེལ་དྲུང་ཆེན་ལུ་ ཡིག་ཐོག་གི་ ཞུ་བ་འབད་མི་དེ་ཡང་ སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ ག་དེ་མགྱོགས་མགྱོགས་དང་ ཉེན་སྲུང་ཐོག་ འོང་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་རུང་ མཐར་འཁྱོལ་མ་ཚུགས་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *