ཁྲིམས་འགལ་ཚུ་ནང་ ན་གཞོན་འབྲེལ་གཏོགས་འབད་མིའི་གྱངས་ཁ་ ཡར་སེང་འགྱོ་བའི་ཚ་གྱང་།

༉ ད་ལྟོ་ གོམས་འདྲིས་སློབ་སྦྱོང་འབད་བའི་བསྒང་ཡོད་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་ངོ་ཚབ་ དམག་སྲིད་རྡོ་རྗེ་མཁའ་འགྲོ་གིས་ མི་སྡེ་དང་ ན་གཞོན་གྱི་ གནད་དོན་ཚུ་གི་སྐོར་ལས་ གསལ་བཤད་འབདཝ་ད་ ན་གཞོན་ཚུ་གིས་ ཁྲིམས་འགལ་གྱི་ ལས་སྣ་ཚུ་ནང་ འབྲེལ་གཏོགས་འབད་ནི་ ག་དེ་དྲག་དྲག་ འཛེམ་དགོ་པའི་དྲན་བསྐུལ་འབད་ཡི།
དེ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ ཁྲིམས་འགལ་གྱི་ ལཱ་བྱ་ཚུ་ནང་ འབྲེལ་གཏོགས་འབད་མི་ ན་གཞོན་ཚུ་གི་གྱངས་ཁ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དེ་ ཁྲིམས་སྲུང་འགག་སྡེ་ལུ་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོད་ཟེར་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ ཐིམ་ཕུག་ཁྲིམས་སྲུང་སྡེ་ཚན་གྱི་འགོ་འཛིན་ དམག་སྲིད་རྡོ་རྗེ་མཁའ་འགྲོ་གིས་ བཤད་ཅི།
ན་གཞོན་ཚུ་གིས་ ཉེས་ལས་ནང་ བཅའ་མར་གཏོགས་མི་དེ་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༤༢ ལས་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༤༩ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ དུས་ཅི་སྤྱི་ཟླ་༡ པ་ལས་ ད་ལྟོ་ཚུན་གྱི་བར་ན་ བརྒྱ་ཆ་༤༨ དེ་ཅིག་ལུ་ ཡར་འཕར་སོང་སྟེ་ཡོད་ཟེར་ཨིན་པས།
ཁྲིམས་འགལ་གྱི་ གནས་ཐོ་ནང་ མཐོ་ཤོས་ར་ ཐིམ་ཕུག་ལུ་ཨིན་མི་དེ་ཡང་ དུས་ཅིའི་ལོ་ནང་ར་ ཁྲིམས་འགལ་སོ་སོའི་རྩོད་དོན་༡,༩༥༡ དེ་ཅིག་ ཐོ་བཀོད་འབད་དེ་ཡོད་མི་ལས་ ད་ལྟོ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ མི་གྲངས་༢༣༠ ཡོདཔ་ཨིན་པས།
དོ་དམ་འོག་ལུ་ཡོད་མི་ལས་ མང་ཤོས་ར་ སྨྱོ་རྫས་འཆང་སྤྱོད་དང་ ནག་ཚོང་འཐབ་མི་ཚུ་ཨིནམ་ལས་ སྨྱོ་རྫས་དེ་ ཉེས་ལས་ཀྱི་ ས་བོན་ལུ་ གྱུར་ཏེ་ཡོད་མི་དེ་ཡང་ སྤྱིར་བཏང་ཁྲིམས་འགལ་གྱི་ རྩོད་དོན་ཚུ་གི་གྲས་ལས་བརྒྱ་ཆ་༥༧ དེ་ སྨྱོ་རྫས་དང་འབྲེལ་བའི་ རྩོད་དོན་ཨིན་ཟེར་ དམག་སྲིད་རྡོ་རྗེ་མཁའ་འགྲོ་གིས་བཤད་ཅི།
ཁྲིམས་འགལ་གྱི་ལཱ་ཚུ་ གཙོ་བོ་ར་ སྨྱོ་རྫས་ལོག་སྤྱོད་དང་ ཆང་འཐུང་མི་ དེ་ལས་ བཟའ་ཚང་ནང་འཁོད་ཀྱི་ རྩུབ་སྤྱོད་དང་ ན་གཞོན་སྡེ་ཚན་བཟོ་སྦེ་ འཐབ་འཛིང་འབད་མི་ཚུ་ལས་ བྱུངམ་མས་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ཆོག་ཐམ་ཡོད་མི་ ཆང་ཁང་༥༢༩ དེ་ཅིག་དང་ ཚུལ་མིན་ཐོག་ བཙོང་མི་ཡང་ ལེ་ཤ་ཡོདཔ་ལས་ ཆང་འབོར་ཆེ་ཏོག་ཏོ་སྦེ་ ཐོབ་དོ་ཡོད་མི་དེ་གིས་ཡང་ དཀའ་ངལ་སྦོམ་བྱུངམ་མས་ཟེར་ཨིན་པས།
བྱ་ངན་གཞན་ གྱངས་ཁ་ཡར་སེང་འགྱོ་མི་དེ་ཡང་ ཕྱི་རུ་ཆང་འཐུང་སྟེ་ ཁྲོམ་བཤལ་ནི་དང་ མི་མང་ལུ་ ཞེ་སུན་ཁག་ཁ་བཟོ་ནི་ ཚུ་ཨིནམ་ད་ དེ་བཟུམ་མའི་ བྱ་ངན་ཚུ་ནང་ གྲལ་གཏོགས་འབདཝ་ད་ ཉེས་ཆད་དངུལ་ཀྲམ་༣,༧༥༠ ལས་ བཏབ་མ་དགོཔ་ལས་ མང་ཤོས་ཅིག་གིས་ ཉེས་ཆད་སྤྲོད་ནི་དེ་ འཇམ་ཏོང་ཏོ་ཨིནམ་ལས་ འཚེར་སྣང་བསྐྱེད་མི་བཏུབ་པས་ཟེར་ དམག་སྲིད་རྡོ་རྗེ་མཁའ་འགྲོ་གིས་ བཤད་ཅི།
ཨིན་རུང་ ཁྲིམས་སྲུང་འགག་སྡེའི་ཧོངས་ལས་ འདི་བཟུམ་མའི་ ཉེས་ཆད་བཏབ་མི་ཚུ་གི་ གནས་ཐོ་བཞག་དོ་ཡོདཔ་ལས་ ཤུལ་ལས་ ཁྲིམས་སྲུང་འགག་སྡེའི་ ཉོགས་མེད་ལག་ཁྱེར་ལེན་པའི་སྐབས་ ཐོ་ཕོགཔ་ཨིན་ཟེར་བཤད་ཅི།
དེ་ལས་ ཁྲིམས་འགལ་གཞན་དེ་ སྐུ་སྲུང་ཐུགས་རྟེན་ཚུ་ ཨར་རྐུན་དང་ ནག་ཚོང་འཐབ་མི་ཚུ་ཨིནམ་ད་ མི་ཚུ་གིས་ ཉེས་ལས་དེ་ གཙོ་བོ་ར་ ཁེ་སང་འཐོབ་ནིའི་དོན་ལུ་ འབད་དོ་ཡོདཔ་ཨིན་རུང་ དེ་གི་གནོད་ཉེན་དང་ དཀའ་ངལ་སྐོར་ལས་ འཛིན་བཟུང་མ་འབད་ཚུན་ཚོད་ མནོ་བསམ་མི་གཏང་པས་ཟེར་ ཁོ་གིས་ བཤད་ཅི།
དམག་སྲིད་རྡོ་རྗེ་མཁའ་འགྲོ་གིས་འབད་བ་ཅིན་ ལ་ལོ་ཅིག་ ཉེས་ལས་ཡང་བསྐྱར་འབད་མི་ལུ་བརྟེན་ འཛིན་བཟུང་འབད་དོ་ཡོདཔ་ལས་ དེ་ནང་ སྐྱོན་ཅིག་ཡོད་པའི་ རྟགས་ཨིནམ་ལས་ སེལ་ནི་དེ་ གལ་ཆེ་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ ལོ་བསྟར་བཞིན་དུ་ ཁྲིམས་འགལ་ནང་ འབྲེལ་གཏོགས་འབད་མི་༡,༠༠༠ དེ་རེ་ འཛིན་བཟུང་འབད་དོ་ཡོདཔ་ལས་ དོ་དམ་ནང་ བཞག་པའི་བསྒང་ལས་ བཞེས་སྒོ་དང་ སྡོད་གནས་བྱིན་དགོ་མི་ལུ་བརྟེན་ གཞུང་ལུ་གྱོང་རྒུད་སྦོམ་ཕོགཔ་མ་ཚད་ ས་གོའི་དཀའ་ངལ་ཡང་ བྱུངམ་མས་ཟེར་ཨིན་པས།
དེ་ལས་ སྨྱོ་རྫས་ཚད་ལས་བརྒལ་སྤྱོད་དེ་ ཤི་རྐྱེན་དང་ རྒྱལ་འགྲན་གྱི་དཀའ་ངལ་ དེ་ལས་ རང་སྲོག་བཅད་མི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དེ་ཡང་ ཚ་གྱང་ཅན་ཅིག་ཨིན་པས།
ཁྲིམས་འགལ་གྱི་ ལཱ་མར་ཕབ་འབད་ནིའི་ ཐབས་ལམ་ཚུ་ཡང་ དང་པ་ ཉེས་ལས་འཐབ་ནིའི་ གོ་སྐབས་མ་བྱིན་པར་ བཞག་ནི་དང་ མི་བཀྲ་མ་ཤིསཔ་གི་ དབང་དུ་ཐལ་མི་ཚུ་ལུ་ བསླབ་བྱ་བྱིན་ཐོག་ལས་ ལེགས་བཅོས་འབད་ནི་ཚུ་ཨིན་པས།
ཉེས་ལས་འཐབ་མི་ལུ་བརྟེན་ དང་པ་ ངོ་རྐྱང་དང་ གཉིས་པ་འབདཝ་ད་ ཕམ་སྤུན་ཆ་ཚུ་ལུ་ གནོད་པ་འབྱུང་ནི་ དེ་ལས་ རྒྱལ་ཁབ་ཀྱི་ མིང་གཏམ་དང་ དཔལ་འབྱོར་གོང་འཕེལ་གྱི་ ལས་སྣ་ལུ་ ཐོ་ཕོགཔ་མས་ཟེར་ དམག་སྲིད་རྡོ་རྗེ་མཁའ་འགྲོ་གིས་ བཤད་ཅི།
བྱ་ངན་དེ་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ རང་གི་ལཱ་ ཚུལ་ལྡན་སྦེ་ གདམ་ཁ་རྐྱབ་ནི་དང་ མནོ་ལུགས་བསྒྱུར་བཅོས་འབད་ནི་ འགན་ཁུར་འབག་ནི་ དེ་ལས་ ཁྲིམས་འགལ་གྱི་ལཱ་ནང་ གྲལ་གཏོགས་མ་འབད་བར་སྡོད་ནི་ རྒྱལ་ཁབ་ལུ་ཕན་པའི་ ལཱ་འབད་ནི་ དེ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ རྒྱབ་སྐྱོར་གང་དྲག་འབད་དགོཔ་ ཁག་ཆེ་ཟེར་ བཤད་པའི་ཁར་ རང་སོའི་རྒྱུད་ལུ་ དགའ་སྐྱིད་དང་ དཔལ་ཡོན་འབྱུང་དགོ་པ་ཅིན་ ཉེས་ལས་འཛེམ་གནང་ཟེར་ བཤད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *