༉ ཁ་ཙ་ རྒྱལ་སྤྱི་སྨྱོ་རྫས་ལོག་སྤྱོད་དང་ ནག་ཚོང་གདོང་ལེན་གྱི་ཉིནམ་དང་ འཛམ་གླིང་ཏམ་ཁུ་མེད་པའི་ཉིནམ་ བརྩི་སྲུང་སྐབས་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ རྒྱལ་ཁབ་ནང་ ཁྲིམས་འགལ་ཐོག་ སྨྱོ་རྫས་སྤྱོད་མི་དང་ ནག་ཚོང་གི་ གནད་དོན་ཡར་འཕར་འགྱོ་དོ་ཡོད་མི་དེ་ སེལ་ཐབས་འབད་དགོ་ཟེར་གསུངས་ཡི།
རྒྱལ་ཁབ་ནང་ སྨན་རིགས་ཚུ་ལས་ ཀེ་ན་བིསི་དེ་ ཡོངས་གྲགས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ སྤྱི་ལོ་༢༠༡༧ གྱི་ འཛམ་གླིང་སྨྱོ་རྫས་སྙན་ཞུ་དང་འཁྲིལཝ་ད་ ཀེ་ན་བིསི་དེ་ རྒྱལ་སྤྱིའི་གནས་ཚད་ནང་ ཡོངས་གྲགས་སྦེ་ ལག་ལེན་འཐབ་མས་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༤ ལུ་ ཚོད་རྩིས་ལས་འབད་བ་ཅིན་ མི་ས་ཡ་༡༨༣ དེ་ཅིག་གིས་ སྨྱོ་རྫས་དེ་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
བློན་པོ་རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ འཛམ་གླིང་ནང་ ན་གཞོན་ཚུ་གིས་ སྨྱོ་རྫས་སྤྱོད་མིའི་ གནད་དོན་དེ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ཕམ་དང་ སློབ་དཔོན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ མ་འོངས་པའི་ ན་གཞོན་ཚུ་ ལྟ་རྟོག་འབད་ནི་གི་ འགན་ཁུར་འབག་དགོ་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ སྙན་ཞུའི་ནང་ ཕམ་ཚུ་གིས་ ཁོང་རའི་ཨ་ལོ་ཚུ་ ལྟ་རྟོག་དམ་སྒྲིང་འབད་དེ་ ཁོང་གི་སྐོར་ལས་ ཤེས་རྟོགས་ཡོད་པ་ཅིན་ གནོད་པ་ཡོད་པའི་ སྨྱོ་རྫས་སྤྱོད་མི་ ན་གཞོན་བརྒྱ་ཆ་༢༠ ལས་ ཉུང་ནི་མས་ཟེར་ཨིནམ་ད་ ཕམ་ཚུ་གིས་ ཁོང་གི་ ཨ་ལོ་ཚུ་ ག་ཏེ་དང་ ག་ཅི་འབདཝ་ཨིན་ན་ ཤེས་རྟོགས་ཡོད་མི་༥ ལྟབ་ཀྱིས་ ཉུང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་དཔོན་ཚུ་གིས་ཡང་ ན་གཞོན་ཚུ་ལུ་ ཕན་ཐོགས་ཡོད་ཟེར་ཨིནམ་ད་ སློབ་གྲྭ་ནང་གི་ ན་གཞོན་ཚུ་ ལཱ་ཁག་གི་ གནས་སྟངས་ནང་འབད་རུང་ བྱ་སྤྱོད་ངན་པའི་ ཉེན་ཁ་དེ་ ཉུང་སུ་ཡོད་ཟེར་ཨིནམ་ལས་ སློབ་དཔོན་ཚུ་གིས་ ན་གཞོན་ཚུ་ལུ་དགོ་པའི་ བསླབ་སྟོན་ཚུ་ བྱིན་དགོ་ཟེར་ཨིན་པས།
སྨྱོ་རྫས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༤ ལུ་ སྐྱེས་ལོ་༡༥ ལས་༦༤ ཚུན་འབད་མི་ ན་ལོན་༢༠ ལས་༡ གིས་ སྨྱོ་རྫས་ལག་ལེན་འཐབ་ནུག་ཟེར་ཨིནམ་ད་ ལོ་དེ་ནང་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ མི་ས་ཡ་༠.༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ སྨྱོ་རྫས་ཚད་ལས་བརྒལ་ སྤྱོད་ནི་དེ་གིས་ ཤི་རྐྱེན་བྱུང་མི་ལས་ གསུམ་ཆ་༡ ཨིན་མས་ཟེར་ བློན་པོ་གིས་ བཤད་ཅི།
སྨྱོ་རྫས་ཀྱི་ཉིནམ་དེ་ ལོ་བསྟར་བཞིན་དུ་ སྨྱོ་རྫས་སྤྱོད་མི་དང་ ནག་ཚོང་འཐབ་མིའི་ ཕན་གནོད་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ཐབས་ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ ཕུན་ཚོགས་དབང་འདུས་ཀྱིས་ རྒྱལ་ཁབ་ནང་ སྨྱོ་རྫས་དང་ཆང་ལུ་ ཤུགས་ཐལ་མི་དེ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ དཀའ་ངལ་མ་འཐོན་པའི་ཧེ་མར་ གནད་དོན་དེ་ལུ་ གདོང་ལེན་འབད་དགོ་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ ད་ལྟོ་ལས་ སེལ་ཐབས་མ་འབད་བ་ཅིན་ དེ་གིས་ ཁོང་དང་ ཁོ་རའི་ ཕམ་ཚུ་ལུ་ གནོད་ནི་ཨིནམ་མ་ཚད་ རྒྱལ་ཁབ་དང་ མི་སྡེའི་ནང་ ཞི་བདེ་དང་ སྲུང་སྐྱོབ་ལུ་ཡང་ གནོད་འོང་ཟེར་ ཕུན་ཚོགས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཕུན་ཚོགས་དབང་འདུས་ཀྱིས་ བཤད་མིའི་ནང་ ག་ར་འབད་རུང་ སྨྱོ་རྫས་ལ་སོགས་པ་ཚུ་ལུ་ ཤུགས་ཐལ་དགོ་པའི་ འཆར་གཞི་བརྩམ་མི་ མེད་ཟེར་ཨིནམ་ད་ ནམ་ར་འབད་རུང་ ཤུགས་ཐལ་སྲིད་ནི་ ཨིནམ་བཞིན་དུ་ ཤུགས་ཐལ་ཚར་བའི་ཤུལ་ལུ་ དེ་གིས་ ཁོང་ར་ལུ་ གནོདཔ་མ་ཚད་ བསླབ་སྟོན་དང་རྒྱབ་སྐྱོར་ དེ་ལས་ གཅེས་སྐྱོང་ལ་སོགས་པ་ཚུ་བྱིན་རུང་ ཕན་ཐོགས་མི་འབྱུང་ཟེར་ཨིན་པས།
སྨྱོ་རྫས་ལུ་ ཤུགས་ཐལ་མི་ཚུ་ འཛིན་བཟུང་འབད་དེ་ དབང་འཛིན་ལུ་ བཏང་མི་ཚུ་གིས་ སྨྱོ་རྫས་ལུ་ ཤུགས་ཐལ་དགོ་པའི་ གནད་དོན་མ་འདྲཝ་ཚུ་ བྱིན་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ སྨྱོ་རྫས་ཚུ་ ཚོད་བརྟག་འབད་ནི་དང་ མང་ཤོས་ཅིག་གིས་ གདོང་ལེན་བྱུང་མི་ཚུ་ལས་ ཟུར་ཐབས་འབད་ནིའི་དོན་ལུ་ སྤྱོདཔ་མས་ཟེར་ ཕུན་ཚོགས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
སྨྱོ་རྫས་ཀྱི་ ཉིནམ་དང་འབྲེལ་ འཛམ་གླིང་སྨྱོ་རྫས་མེད་པའི་ཉིནམ་དེ་ཡང་ བརྩི་སྲུང་འབད་ཡོདཔ་ད་ བློན་པོ་གིས་ བཤད་མིའི་ནང་ འཛམ་གླིང་གསོ་བའི་ལས་ཚོགས་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཉིནམ་དེ་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ གཏམ་ཁུའི་ཐོན་སྐྱེད་ཚུ་ལུ་བརྟེན་ གསོ་བ་དང་འབྲེལ་བའི་ ཉེན་ཁ་དང་ ཐོན་སྐྱེད་དེ་ཚུ་ ལག་ལེན་འཐབ་མི་དེ་ མར་ཕབ་འབད་ཐབས་ཀྱི་ དོན་སྨིན་ཅན་གྱི་ སྲིད་བྱུས་ཚུ་གི་ གོ་བརྡ་སྤྲོད་ཐབས་ལུ་ བརྩི་སྲུང་འབད་དོ་ཟེར་ཨིན་པས།
དུས་ཅི་ ལས་ཚོགས་ཀྱིས་ རྒྱལ་ཁབ་ཚུ་གིས་ ཡུན་བརྟན་གོང་འཕེལ་༢༠༣༠ གི་གྲོས་གཞིའི་ ཆ་རྐྱེན་ཅིག་སྦེ་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཀག་འཛིན་འབད་ཐབས་ལུ་ གཙོ་རིམ་བཟུང་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ སྨྱོ་རྫས་བཀག་འཛིན་འབད་ནི་དེ་ ཡུན་བརྟན་གོང་འཕེལ་གྱི་ གྲོས་གཞིའི་ནང་ ཚུད་དེ་ཡོདཔ་ལས་ དེ་གིས་༢༠༣༠ ལུ་ ལོ་ན་མ་རནམ་ལས་ ཤི་རྐྱེན་འབྱུང་ནི་དང་ འབུ་ནི་མེད་པའི་ ནད་གཞི་ཚུ་ མར་ཕབ་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ལས་ཚོགས་ཀྱི་ སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཏམ་ཁུའི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ མི་གྲངས་ས་ཡ་༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་དོ་ཡོད་མི་ལས་ ས་ཡ་༡.༣ དེ་ ཤར་ལྷོ་ཨེ་ཤི་ཡ་རྐྱངམ་གཅིག་ནང་ ཨིན་མས་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཀག་འཛིན་མ་འབད་བ་ཅིན་༢༠༣༠ ལུ་ ལོ་༡ ནང་ མི་ས་ཡ་༨ ལྷག་ནི་ཨིན་པའི་ སྔོན་བརྟག་འབད་ནུག་ཟེར་ཨིནམ་ད་ སྨྱོ་རྫས་ལག་ལེན་འཐབ་ནི་དེ་ མི་ག་ར་ལུ་ དཀའ་ངལ་དང་ནད་གཞི་ རྒྱལ་ཡོངས་ཀྱི་ དཔལ་འབྱོར་དང་ ཤི་རྐྱེན་ལུ་བརྟེན་ ཕམ་ཚུ་ལུ་ཡང་ དཀའ་ངལ་བྱིན་མི་ཅིག་ ཨིན་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ མི་སྤྱང་ཀ་ཚུ་གིས་ བཞེས་སྒོ་དང་ཤེས་ཡོན་ དེ་ལས་ གསོ་བའི་འཕྲོན་བསྟེན་གྱི་དོན་ལུ་ ཟད་འགྲོ་ཉུང་སུ་བཏང་དོ་ཡོདཔ་ད་ འོང་འབབ་ཉུང་སུ་ཡོད་མི་ རྒྱལ་ཁབ་ཚུ་ནང་ བརྒྱ་ཆ་༨༠ དེ་ཅིག་ལུ་ ལོ་ན་མ་རྒསཔ་ལས་ ཤི་རྐྱེན་བྱུང་ཡོདཔ་ལས་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ཁོས་གིས་འབད་བ་ཅིན་ གཞུང་གི་ ཏམ་ཁུའི་ཐོན་སྐྱེད་བཀག་འཛིན་སྲིད་བྱུས་ནང་ གྱངས་ཁ་ཡར་འཕར་འགྱོ་མི་ རྒྱལ་ཁབ་ཚུ་གིས་ ཏམ་ཁུའི་ལས་སྡེ་ལུ་ གདོང་ལེན་འབད་ནིའི་དོན་ལུ་ འཆར་གཞི་ཚུ་ རྩམ་དེས་ཟེར་ཨིན་པས།
ལས་རིམ་དེ་ སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ གསོ་བ་ལྷན་ཁག་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་ནང་སྦེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།