༉ དམངས་གཙོའི་རིང་ལུགས་ནང་ རྒྱལ་ཁབ་ཀྱི་ ཁྲིམས་ཀྱི་རིང་ལུགས་ གོང་ལུ་བཀུར་ནི་དང་ གཙུག་སྡེ་སྒྲིང་སྒྲི་བཟོ་ཐབས་ལུ་ དྲང་ཁྲིམས་ལྷན་སྡེ་དང་ ཁྲིམས་བཟོ་ལྷན་སྡེ་གཉིས་ ག་ནི་བ་ རྩ་ཆེ་བའི་ གཙུ་སྡེ་ཅིག་ཨིན།
འདི་འབདཝ་ལས་ ཁྲིམས་བཟོ་ལྷན་དེ་གིས་ རྒྱལ་ཁབ་དང་ མི་སེར་མཐའ་དོན་ལུ་ འཕྲལ་ཕུགས་གཉིས་ཆ་ར་ ཐུགས་བཞེད་གནང་སྟེ་ ཁྲིམས་དེ་ཚུ་ བརྩམས་ཐོག་ལས་ དང་པར་ དཔྱད་ཡིག་སྦེ་ བཙུགས་ཞིནམ་ལས་ གྲོས་བསྡུར་ཞིབ་པར་གནང་སྟེ་ བཅའ་ཁྲིམས་སྦེ་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ དྲང་ཁྲིམས་ལྷན་སྡེའི་ འགན་ཁུང་དེ་ ཁྲིམས་བསྟར་སྤྱོད་འབདཝ་ཨིན།
ཁྲིམས་བཟོ་ལྷན་སྡེ་ཟེརཝ་ད་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ཆ་ར་ ཚུདཔ་བཞིན་དུ་ ཚོགས་ཁང་གོང་འོག་གཉིས་ཆ་ར་གིས་ དཔྱད་ཡིག་ཚུ་ གྲོས་བསྡུར་ཞིབ་པར་འབད་དེ་ ཆ་འཇོག་འགྲུབ་གནངམ་མ་ཚད་ གལ་སྲིད་ ཚོགས་ཁང་གཉིས་ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་པ་ཅིན་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནངམ་ཨིན།
འདི་འབདཝ་ད་ སྤྱི་ཚོགས་༢ པའི་ཚོགས་ཐེངས་༩ པ་གྲོལ་བའི་ཤུལ་ལུ་ ཚོགས་ཁང་གོང་འོག་གཉིས་ཆ་རའི་ནང་ འཐུས་མི་ཚུ་གི་ ནང་འཁོད་ལུ་ མོས་མཐུན་བྱུང་མ་ཚུགས་པའི་ རྩོད་རྙོགས་ཐོན་མི་དེ་གིས་ སྤྱི་ཚོགས་ནང་ མི་སེར་གྱི་ སྐུ་ཚབ་སྦེ་ བཅའ་མར་གཏོགས་མི་ འདེམས་ཁོངས་སོ་སོའི་ འཐུས་མི་ཚུ་ལུ་ སྤྱིར་བཏང་མི་མང་གི་ ཁ་ཐུག་ལས་ ཚ་གྱང་དང་ འཕྱར་ཁ་འབད་ནི་ འགོ་བཙུགས་ནུག།
དེ་ཡང་ དཔེར་ན་ རྒྱལ་ཡོངས་ཚོགས་འདུའི་ནང་ གནད་དོན་ཁག་སོ་སོའི་སྐོར་ལས་བལྟ་མི་ འདུས་ཚོགས་སམ་ ཚོགས་ཆུང་༡༠ ཡོདཔ་བཞིན་དུ་ ཚོགས་ཆུང་དེ་གི་གྲས་ལས་ ཚོགས་ཁང་གི་ བདག་སྐྱོང་དང་ འཛིན་སྐྱོང་ བྱ་སྒོ་གཞན་ཚུ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ གསུང་གྲོས་གནང་ཞིནམ་ལས་ ཚོགས་ཁང་ནང་ ཆ་འཇོག་གི་དོན་ལུ་ གྲོས་འདེབས་ཕུལ་མི་ དབང་ཚད་ཅན་གྱི་ ཚོགས་ཆུང་དེ་ ནང་འཁོད་ཚོགས་པ་ཨིན་མས།
ནང་འཁོད་ཚོགས་ཆུང་ནང་ འཐུས་མི་ཚུ་ཡང་ ཚོགས་ཆུང་གཞན་ཚུ་གི་ ཁྲི་འཛིན་ཚུ་ཨིནམ་ལས་ དབུ་འཕང་མཐོ་བའི་ ཚོགས་ཆུང་ཅིག་ཨིན་རུང་ འདས་པའི་བདུན་ཕྲག་ནང་ ཚོགས་དཔོན་ལུ་ སྙན་ཞུ་ག་ནི་ཡང་མེད་པར་ ནང་འཁོད་ཚོགས་ཆུང་ ཧྲམ་གཏང་ནི་སྦེ་ ཐག་བཅད་མི་དེ་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་དང་ བྱ་བའི་གནད་སྤྱོད་ཀྱི་ དགོངས་དོན་ཚུ་ལས་ འགལ་ཡོད་པའི་ བྱ་སྤྱོད་ཅིག་ཨིནམ་ལས་ ཚོགས་དཔོན་གྱིས་ འཐུས་མི་ཚུ་ལུ་ བཀའ་བཀྱོན་གནང་དགོཔ་བྱུང་ནུག།
ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ བཀའ་རྒྱ་གནང་མི་དེ་ཡང་ བྱ་བའི་གནད་སྤྱོད་ཀྱི་དགོངས་དོན་༣༡༨ དང་༣༡༩ པ་དང་འཁྲིལཝ་ད་ ཚོགས་ཆུང་གི་ འཐུས་མི་དང་ ཁྲི་འཛིན་ཚུ་ཡང་ བདེན་ཁུངས་ཁ་གསལ་བཀོད་ཐོག་ལས་ ཚོགས་དཔོན་ལུ་ དགོངས་ཞུའི་ཞུ་ཡིག་ཕུལ་ཏེ་ དགོངས་ཞུའི་དབང་ཆ་ཡོད་རུང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ གཞི་རྩ་དང་བསྟུན་ཏེ་ གཞི་བཙུགས་གྲུབ་པའི་ ཚོགས་ཆུང་ཅིག་ ཧྲམ་གཏང་ནིའི་ དབང་ཆ་འདི་ བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༣༥༤ པ་འཁྲིལཝ་ད་ ཚོགས་ཁང་ལུ་མ་གཏོགས་ གཞན་འཐུས་མི་ཚུ་ལུ་ ཁེ་དབང་མེད་ནི་དེ་གིས་ཨིན་པས།
འཐུས་མི་ཚུ་ག་ར་ ཚོགས་ཆུང་གཞན་ཚུ་གི་ ཁྲི་འཛིན་ཨིནམ་ལས་ ཁྲིམས་ལུགས་ཧ་མི་ཚུ་གིས་ར་ རང་གིས་བཟོ་མི་ ཁྲིམས་ཡིག་ཚུ་ སྣང་མེད་བསྐྱུར་བ་ཅིན་ ཁྲིམས་ག་གིས་ གུས་ཞབས་འབད་ནི་ཨིན་ན?
ད་རེས་ ཚོགས་ཆུང་༡ གི་ འཐུས་མི་ཚུ་གིས་ ཁྲིམས་ལུགས་ཧ་གོཝ་བཞིན་དུ་ ད་ལྟོ་ ལག་ལེན་འཐབ་བཞིན་དུ་ཡོད་མི་ བཅའ་ཁྲིམས་དང་ བྱ་བའི་གནད་སྤྱོད་ཚུ་ལུ་ རྒྱབ་འགལ་འབད་མི་དེ་གིས་ རྒྱལ་ཡོངས་ཚོགས་ཁང་གི་ མཚན་སྙན་དང་ ཚོགས་དཔོན་གྱི་ གནས་རིམ་ལུ་ མི་མང་གི་ བློ་གཏད་མེདཔ་བཟོ་བའི་ བྱ་སྤྱོད་སྒྲིག་ཟེར་ ལ་ལོ་གིས་ ཁ་ཉེས་བཀལཝ་ཨིན་མས།
དམངས་གཙོའི་རྩ་ཁྲིམས་ཅན་གྱི་ རྒྱལ་པོའི་གཞུང་ལུགས་ཀྱི་ རྒྱལ་ཁབ་འདི་ནང་ རྒྱལ་ཡོངས་ཚོགས་ཁང་དེ་ དབུ་འཕང་མཐོ་བའི་ གཙུག་སྡེ་མཐོ་ཤོས་ཅིག་ཨིནམ་བཞིན་དུ་ དེ་ལུ་བརྟེན་པའི་ ཚོགས་ཆུང་གཞི་བཙུགས་འབད་དགོ་མི་དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ འཁོད་ཡོད་པའི་ དགོངས་དོན་དང་ གཞི་རྩ་དང་འཁྲིལ་ཨིནམ་ལས་ འཐུས་མི་ཚུ་གིས་ འདི་བཟུམ་བྱ་སྤྱོད་སྒྲིག་མི་དེ་ མི་མང་ལས་ ངོས་ལེན་འབད་མ་ཚུགསཔ་དང་ དེ་ནང་འབྲེལ་གཏོགས་མེད་པར་ འཐུས་མི་གཞན་ཚུ་གིས་ ཁ་བཏང་པའི་ ཡུལ་ཅིག་ལུ་ གྱུར་སོ་ནུག།
འཐུས་མི་ཟེར་བའི་བསྒང་ལས་ འཐུས་མི་ཚུ་གིས་ དུས་དང་རྣམ་པ་ཀུན་ཏུ་ བརྩི་བཀུར་དང་ གུས་ཞབས་ལྡན་པའི་ ཀུན་སྤྱོད་གུ་ གནས་དགོ་པའི་ཁར་ ཚོགས་དཔོན་གྱི་ དབང་ཚད་ལུ་ གུས་ཞབས་ཕུལ་དགོཔ་བཞིན་དུ་ ལྷག་པར་དུ་ རྒྱལ་ཡོངས་ཚོགས་འདུའི་ གཅིག་སྒྲིལ་ལུ་ མི་མང་གིས་ བློ་གཏད་དང་ ཡིད་ཆེས་རྒྱུན་སྐྱོང་དང་ རྩ་བརྟན་བཟོ་ཚུགས་པའི་ སྤྱོད་ལམ་གུ་ གནས་དགོཔ་ཨིན་མས།
འདི་འབདཝ་ལས་ ཁྲིམས་ཀྱི་དགོངས་དོན་ཧ་གོ་མི་ ཁྲིམས་བརྩམས་མི་ལུ་ བཀའ་བཀྱོན་རྐྱངམ་གཅིག་མེན་པར་ བདག་སྐྱོང་དང་འབྲེལ་བའི་ འགན་འཁིྲ་བཀལ་དགོཔ་འདུག་ཟེར་ ཞུ་ནི་ཨིན།
Check Also
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།
༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …