༉ ཐིམ་ཕུག་ལུ་ཡོད་མི་ འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱི་ ཁྲིམས་དོན་གཙོ་འཛིན་འོགམ་བགྲེསཔ་ཅིག་གིས་ སྐྱིན་ཚབ་བསྡུ་ལེན་ཐོག་ དངུལ་ཀྲམ་ས་ཡ་༢.༡༨༤ ལྷགཔ་ཅིག་ ལྐོག་ཟ་འབད་བའི་ ཁ་ཉེས་ཀྱི་ ཞིབ་དཔྱད་སྙན་ཞུ་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དེ་ཡང་ འདས་པའི་ཟླཝ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ད་ རྩོད་དཔོན་གཙོ་འཛིན་ ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ སྙན་ཞུ་དེ་ རྩོད་བཤེར་འབད་ནི་གི་ འོས་འབབ་ཡོད་མེད་ བསྐྱར་ཞིབ་འབད་ནིའི་དོན་ལུ་ ཁྲིམས་རྩོདཔ་ཅིག་ལུ་ འགན་འཁྲི་སྤྲོད་དེ་ཡོད་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ འབྲུག་པཱན་ཇབ་དངུལ་ཁང་གི་ ཁྲིམས་དོན་གཙོ་འཛིན་བགྲེསཔ་གིས་ ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་ མི་ངོ་༢ ལས་ སྐྱིན་ཚབ་དངུལ་ཀྲམ་ས་ཡ་༢.༥༤༩ ལྷགཔ་ཅིག་ བསྡུ་ལེན་འབད་མི་ལས་ དངུལ་ཀྲམ་༣༥༠,༠༠༠ རྐྱངམ་གཅིག་ དངུལ་ཁང་ནང་ བཙུགས་ཡོད་པའི་ མངོན་གསལ་བྱུང་ནུག།
གནད་དོན་དེ་གི་སྐོར་ལས་ འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་གི་ འཛིན་སྐྱོང་གིས་ ལྷན་ཚོགས་ལུ་ ཉོགས་བཤད་བཀོད་མིའི་ནང་ སྐྱིན་ཚབ་དང་འབྲེལ་བའི་ རྩོད་བཤེར་མཇུག་བསྡུ་བའི་ཤུལ་ལུ་ མི་༢ ལས་ སྐྱིན་ཚབ་བསྡུ་ལེན་འབད་ནི་གི་ འགན་ཁུར་དེ་ ཁྲིམས་དོན་འགོ་དཔོན་བགྲེསཔ་ལུ་ བཀལ་ཡོད་རུང་ ཁོ་གིས་ དངུལ་ཁང་ནང་ མ་བཙུགས་པས་ཟེར་ཨིན་པས།
དེ་བསྒང་ ཁྲིམས་དོན་འགོ་དཔོན་བགྲེསཔ་དེ་ དངུལ་ཁང་གི་ ཁྲིམས་རྩོདཔ་སྦེ་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་མི་ཨིནམ་ད་ དེ་ཡང་ མི་ངོ་༢ ཀྱིས་ ཐིམ་ཕུག་གླང་རྒྱུག་ཕར་ཁ་ལུ་ ཨམ་སྲུ་ཅིག་གི་ མིང་ཐོ་ཁར་ ས་ཌིསི་༢༦ འབད་མི་དེ་ གཏའ་མ་བཙུགས་ཏེ་ གཡོ་སྒྱུའི་ཐོག་ འབྲུག་པཱན་ཇབ་དངུལ་ཁང་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣ ལེན་འབག་མི་ལུ་བརྟེན་ སའི་ཇོ་བདག་གིས་ མི་ངོ་༢ ཀྱི་རྒྱབ་འགལ་ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་གཞི་བཙུགས་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ ས་ཆ་གཏའ་མ་བཙུགས་མི་དེ་ ཕྱིར་བཏོན་མ་འབད་བའི་ཧེ་མར་ རྩོད་ཟླ་༢ ཀྱིས་ འབྲུག་པཱན་ཇབ་དངུལ་ཁང་ལུ་ མ་དང་སྐྱེད་སྦྲགས་ཏེ་ དངུལ་ཀྲམ་ས་ཡ་༣.༩༣༦ ལྷགཔ་ཅིག་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་བཞིན་དུ་ དངུལ་ཁང་གི་ ཁྲིམས་རྩོདཔ་གི་ འགན་ཁུར་དེ་ ཁྲིམས་འདུན་བརྒྱུད་དེ་ རྩོད་ཟླ་༢ ལས་ སྐྱིན་ཚབ་ལེན་ནིའི་ འགན་ཁུར་བཀལ་ཡོདཔ་ཨིན་པས།
སྐྱིན་ཚབ་ལོག་སྤྱོད་འབད་བའི་ རྩོད་དོན་དེ་ཡང་ དངུལ་ཁང་གིསས་ གཏའ་མ་བཙུགས་མི་དེ་ ཕྱིར་བཏོན་འབདཝ་ད་ ཁྲིམས་འདུན་ལས་ དངུལ་ཀྲམ་ས་ཡ་༣.༩༣༦ ལྷགཔ་ཅིག་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོད་རུང་ ཁྲིམས་དོན་འགོ་དཔོན་གྱིས་ དངུལ་ཀྲམ་༣༥༠,༠༠༠ ལས་བརྒལ་ མ་བཙུགས་པར་ཡོདཔ་ ཤེས་རྟོགས་བྱུངམ་ད་ ཐོན་ཡོདཔ་ཨིན་པས།
དེ་བསྒང་ལས་ ཁྲིམས་དོན་འགོ་དཔོན་དེ་ དངུལ་ཁང་ནང་ལས་ དགོངས་ཞུ་འབད་དེ་ ཁོ་རའི་ ཁྲིམས་དོན་ལས་ཁང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་དོན་འགོ་དཔོན་བགྲེསཔ་ལུ་ སྤྱི་ལོ་༢༠༡༤ ཟླ་༡ པ་ལས་ སྤྱི་ལོ་༢༠༡༧ ཟླ་༡༢ པ་ཚུན་ ཞིབ་དཔྱད་འབདཝ་ད་ ཁོ་གིས་ མི་ངོ་༢ ལས་ སྐྱིན་ཚབ་ཧྲིལ་བུ་ ཡང་ཅིན་ ཆ་ཤས་ལེན་ཡོད་མེད་ ཡང་ཅིན་ རྩོད་ཟླ་༢ ལས་ ངན་ལྷད་དང་འབྲེལ་བའི་ ཁེ་ཕན་བརྗེ་སོར་གྱི་དོན་ལུ་ འབྱོར་འཛིན་རྫུས་མ་བཟོཝ་རྐྱངམ་གཅིག་ཨིན་ན་ བལྟ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཁྲིམས་དོན་འགོ་དཔོན་བགྲེསཔ་དེ་གིས་ སྤྱི་ལོ་༢༠༡༤ ཟླ་༧ པ་ལས་ སྤྱི་ལོ་༢༠༡༥ ཟླ་༦ པ་ཚུན་ ཚེས་གྲངས་སོ་སོའི་ནང་ དངུལ་ཀྲམ་བསྡོམས་༢,༥༤༩,༤༡༤ རྩོད་ཟླ་༢ ལས་ བསྡུ་ལེན་འབད་ཡོད་པའི་ འབྱོར་འཛིན་༡༠ སྤྲོད་ཡོད་་རུང་ དངུལ་ཀྲམ་༣༥༠,༠༠༠ རྐྱངམ་གཅིག་ དངུལ་ཁང་ནང་ བཙུགས་ཡོད་པའི་ མངོན་གསལ་བྱུང་ནུག།
ཁོ་གིས་ འབྱོར་འཛིན་དེ་ཚུ་ དངུལ་ཁང་ལུ་ གསལ་སྟོན་མ་འབད་བར་ གསང་བཞག་ཡོདཔ་མ་ཚད་ ཁོ་ དགོངས་ཞུ་འགྱོཝ་ད་རྐྱངམ་གཅིག་ སྐྱིན་འགྲུལ་ལེན་འབག་མི་༡ བྲོས་ཟུར་འབད་ཡོད་མི་ལུ་བརྟེན་ འཁྲུན་ཆོད་བསྟར་སྤྱོད་འབད་མ་ཚུགས་པར་ བསྣར་འགྱངས་ལུས་ཡོད་པའི་སྐོར་ སྙན་ཞུ་འབད་ནུག་ཟེར་ ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།
དེ་འབདཝ་ལས་ ལྷན་ཚོགས་ཀྱིས་ མ་དངུལ་ལོག་སྤྱོད་འབད་ཡོད་པའི་ ཞིབ་བཤེར་ངེས་བདེན་གྲུབ་མི་ལུ་བརྟེན་ འབྲུག་པཱན་ཇབ་དངུལ་ཁང་གི་ ཁྲིམས་དོན་གཙོ་འཛིན་འོགམ་བགྲེསཔ་ལུ་ མ་དངུལ་ལྐོག་ཟའི་ ཉེས་འཛུགས་དང་ དངུལ་ཀྲམ་༢,༡༨༤,༤༡༤ དངུལ་ཁང་ལུ་ སོར་ཆུད་འབད་བཅུག་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།