ཁྲིམས་ཀྱི་སྟེགས་གསོའི་ཞབས་ཏོག་དེ་ ཉམ་ཆུང་ཚུ་ལུ་ ཕན་ཐོགས་ཡོད་པ་ཅིན་ ངོས་ལེན་གནང་དགོཔ།

༉ རྒྱལ་ཁབ་ནང་ རྒྱུ་སྟོབས་ཡོད་པའི་ མི་ཕྱུགཔོ་དང་ རྒྱུ་སྟོབས་མེད་པའི་ མི་ཉམ་ཆུང་ཚུ་གི་བར་ན་ ཁྲིམས་དོན་གྱི་ཞབས་ཏོག་ཚུ་ སྤྱོད་པའི་ནམ་དུས་ལུ་ ཁྱད་པར་ཆགས་པའི་ མངོན་གསལ་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ འདས་པའི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རིམ་ནང་ གྲོས་བསྡུར་རྒྱས་པར་ གནང་དགོ་མི་དེ་ཡང་ འབྲུག་མི་ཀུན་ལུ་ ཕན་ཁྱད་ཆེ་བའི་ གནད་དོན་གལ་ཆེ་དྲགས་ཅིག་ འབད་ནི་དེ་གིས་ཨིན།

རྒྱུ་སྟོབས་ཡོད་མི་ཚུ་གི་ཐད་ཁར་ ཁྲིམས་དོན་གྱི་ ཞབས་ཏོག་ལེན་ནི་ལུ་ དཀའ་ངལ་མེད་རུང་ ཐོན་ཁུངས་མེད་པའི་ མི་ཉམ་ཆུང་ཚུ་གིས་ ཁྲིམས་ཀྱི་འདུན་སར་ གནད་དོན་ཆེ་ཆུང་ལུ་བརྟེན་པའི་ རྩོད་གཞི་ཚུ་ཕྱེ་བའི་སྐབས་ ཁོང་ལུ་ རྒྱབ་མི་བཙུགས་ནིའི་ ལྕོགས་གྲུབ་མེད་པའི་ཁར་ རྒྱབ་སྐྱོར་འབད་མི་ཡང་མེདཔ་ལས་ དྲང་ཁྲིམས་འཐོབ་མ་ཚུགས་པའི་ ཉེན་ཁ་ཡོད་ལུགས་ཚུ་གོཝ་ད་ ང་བཅས་ར་ དྲན་ཤེས་བཏོན་དགོ་པའི་ དུས་ཚོད་ཅིག་ལུ་ལྷོད་ནུག།

རྩ་ཁྲིམས་ཆེན་མོའི་ རྩ་ཚན་༩ པའི་དོན་ཚན་༦ པའི་ནང་ མཇལ་བལྟ་རུང་ རྒྱལ་ཁམས་ཀྱིས་ དཔལ་འབྱོར་དང་ ཡང་ན་ ལྕོགས་གྲུབ་མེད་པའི་རྒྱུ་མཚན་གཞན་ལུ་བརྟེན་ མི་ངོ་ག་ལུ་ཨིན་རུང་ དྲང་ཁྲིམས་བཀག་འགོག་མི་འབད་ནིའི་དོན་ལུ་ ཁྲིམས་ཀྱི་སྟེགས་གསོ་གནང་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ ཁ་གསལ་སྦེ་ བཀོད་དེ་འདུག།

བསྐྱར་ཞིབ་ཚོགས་ཁང་གིས་འབད་རུང་ རྩ་ཁྲིམས་ཆེན་མོ་དང་བསྟུན་ གནད་དོན་འདི་ འབྲུག་མི་ཚུ་གི་མཐའ་དོན་ལུ་ ཕན་གནད་ཆེ་བའི་ ཐུགས་བཞེད་གནང་སྟེ་ གསུང་གྲོས་ཡུན་རིང་གནང་མི་དང་བསྟུན་ གྲོས་བཅུད་བཏོན་ཏེ་ ཁྲིམས་ཀྱི་སྟེགས་གསོའི་ཞབས་ཏོག་དང་ ཐོན་ཁུངས་མེད་པའི་ མི་ཉམ་ཆུང་ཚུ་ལུ་ ཁྲིམས་ཀྱི་སྟེགས་གསོ་ ཕུལ་དགོ་པའི་གྲོས་འདེབས་ གཞུང་ཞབས་ལུ་ ཕུལ་ཡོད་རུང་ ད་ལྟོ་ཚུན་ ལན་གསལ་མ་འཐོབ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ང་བཅས་ར་ ཤེས་དགོཔ་འདུག།

མ་གཞི་ ཁྲིམས་ཀྱི་སྟེགས་གསོ་ ཕུལ་དགོ་པའི་སྐོར་ལས་ འདས་པའི་ཚོགས་ཐེངས་ནང་ འཆར་དངུལ་གྱི་ གྲོས་བསྡུར་འབད་བའི་སྐབས་ གཞུང་གིས་ དེ་གི་དོན་ལུ་ འཆར་དངུལ་སྐལ་བཞག་གནང་ཡོད་རུང་ ལག་ལེན་མ་འཐབ་པར་ བཞག་ཡོད་པའི་ ཤེས་རྟོགས་བྱུང་ནུག།

རྒྱུ་མཚན་འདི་ལུ་བརྟེན་ བསྐྱར་ཞིབ་ཚོགས་ཁང་གི་འཐུས་མི་ཚུ་ བསམ་པ་མ་རྫོགས་པའི་ཁར་ ཚ་གྱང་ལང་དགོཔ་བྱུང་མི་དེ་ཡང་ ཐོན་ཁུངས་མེད་པའི་ མི་ཉམ་ཆུང་ཚུ་ལུ་ ཁྲིམས་ཀྱི་སྟེགས་གསོའི་ཞབས་ཏོག་ བྱིན་མ་ཚུགས་པ་ཅིན་ ཁོང་གིས་ ཁྲིམས་འདུན་ཚུ་ལས་ དྲང་ཁྲིམས་འཐོབ་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་མས།

མ་གཞི་ ཁྲིམས་ཀྱི་སྟེགས་གསོའི་ཞབས་ཏོག་སྐོར་ལས་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་པའི་སྐབས་ ངོས་ལེན་ལེགས་ཤོམ་བྱུང་བའི་ཁར་ གཞུང་ལུ་ གྲོས་འདེབས་མ་ཕུལ་བའི་ཧེ་མར་ རྒྱལ་སྤྱིའི་ལག་ལེན་ནང་ཡང་ བརྟག་ཞིབ་མཐིལ་ཕྱིན་འབད་ནུག།

རྨ་ལུ་ཕནམ་ཅིག་ཡོདན། རོ་ཁྱིའི་ཚིལ་ལུ་ཨིན་རུང་དབུར། ཟེར་བའི་དཔེ་བཟུམ་སྦེ་ གཞུང་གིས་འབད་རུང་ ཁྲིམས་ཀྱི་སྟེགས་གསོའི་ཞབས་ཏོག་དེ་གིས་ དམིགས་བསལ་དུ་ ཉམ་ཆུང་ཚུ་ལུ་ ཕན་ཐོགས་ཡོད་པ་ཅིན་ ངོས་ལེན་གནང་དགོཔ་འདུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *