༉ ས་གླིང་རྒེད་འོག་ ཁྲི་དྭངས་སྦིས་སྤྱི་འོག་གི་ མི་སེར་ཚུ་ འཐུང་ཆུའི་དཀའ་ངལ་ལུ་བརྟེན་ འཕྲལ་འཕྲལ་སྦེ་ར་ སྣུམ་འཁོར་ནང་ ཆུ་སྐྱེལ་འདྲེན་འབད་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
སྤྱི་འོག་དེ་གི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༦ ལྷགཔ་ཅིག་ ཟད་འགྲོ་བཏང་སྟེ་ སྤྱི་ལོ་༢༠༡༣ ལུ་ ཆུ་ གསརཔ་བཏོན་ཏེ་ ཟླཝ་༡ དེ་ཅིག་ ལག་ལེན་འཐབ་པའི་ཤུལ་ལུ་ ཆུ་དུང་ཚུ་ མེདཔ་ཐལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལུ་བཏོན་མི་ འཐུང་ཆུ་གིས་ སྤྱི་འོག་གི་མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་མ་ཚུགསཔ་ལས་ མི་སེར་ཚུ་ ཨ་རྟག་བཟུམ་སྦེ་ར་ སྒེར་གྱི་ཆུ་རྐ་ཚུ་ལས་ ལག་ལེན་འཐབ་སྟེ་འདུག།
མངྒ་ལམ་ཁག་འབགཔ་གིས་ འཐུང་ཆུ་བཀྲམ་སྤེལ་གྱི་ ལས་འགུལ་མཇུག་བསྡུ་སྟེ་ ལོ་༡ ལས་མ་ལང་རུང་ མི་སེར་གྱི་སྐྱིད་སྡུག་ལུ་ རྒེད་འོག་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་དེ་ སྤྱི་ལོ་༢༠༡༤ དང་༢༠༡༥ ལུ་ ཆུ་དུང་ཚུ་ ཉམས་བཅོས་འབད་ནུག།
གཡུས་མི་ལ་ལོ་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ འཐུང་ཆུའི་དོན་ལུ་ མ་དངུལ་ས་ཡ་ལས་བཅད་དེ་ གནང་ཡོད་རུང་ ཁག་འབགཔ་གིས་ སྤུས་ཚད་དང་ལྡན་པའི་ བཟོ་སྐྲུན་མ་འབད་བའི་ཁར་ སྤྱི་ལོ་༢༠༡༣ ལུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་རུང་ རྩིས་ལེན་ནུག་ཟེར་ཨིན་པས།
ངཱན་ཏང་ལ་གཡུས་ཚན་ལས་ སྐྱེས་ལོ་༤༤ ལང་མི་ གནས་བརྟན་སྒྲོལ་མ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ འཐུང་ཆུ་བཏོན་ཡོད་རུང་ ཕན་ཐོགས་འབྱུང་མ་ཚུགསཔ་ལས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ནང་ ཆུ་སྐྱེལ་འདྲེན་འབད་དེ་ ལོ་༡ ལྷགཔ་ཅིག་ ལང་ཡི་ཟེར་ཨིན་པས།
ཁྲི་དྭངས་སྦིས་ལྷ་ཁང་ནང་ ལོ་བསྟར་གྱི་ཚེས་བཅུ་ བརྩི་སྲུང་འབད་ནིའི་དོན་ལུ་ ཀི་ལོ་མི་ཊར་༡༥ དེ་ཅིག་ལས་ སྣུམ་འཁོར་ཊཱག་ནང་ སྐྱེལ་འདྲེན་འབད་དེ་ ལག་ལེན་འཐབ་དགོཔ་བྱུང་ཡོདཔ་ཨིན་པས།
སྒོར་སྟོང་ལ་གཡུས་ཚན་ལས་ སྐྱེས་ལོ་༤༩ ལང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ སྒོ་ནོར་སེམས་ཅན་ཚུ་ལུ་ བྱིན་ནི་དང་ ཚོད་བསྲེ་ལྡུམ་ར་ དེ་ལས་ ཤིང་གི་ལྕངམ་ཚུ་ལུ་ ཆུ་བླུགས་མ་ཚུགསཔ་ལས་ ཤི་ནི་ཡོདཔ་མ་ཚད་ ལོ་ཐོག་ཡང་ ལེགས་ཤོམ་སྦེ་ འཚོ་མི་བཏུབ་པས་ཟེར་ཨིན་པས།
ས་གླིང་རྒེད་འོག་གི་ རྒཔོ་ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ རྒེད་འོག་གི་མ་དངུལ་ དངུལ་ཀྲམ་༦༠༠,༠༠༠ ལྷགཔ་ཅིག་གནས་པའི་ འཐུང་ཆུ་དེ་ སྤྱི་ལོ་༢༠༡༣ ལུ་ བཏོན་ཡོད་རུང་ ཐག་རིང་ནི་དེ་གིས་ ཕན་ཐོགས་འབྱུང་མ་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ནོར་བུ་སྒང་ལས་ ཆུ་རྐ་གསརཔ་བཏོན་ཏེ་ འཐུང་ཆུ་བཏོན་མི་དེ་ཡང་ གཞུང་ལམ་རྒྱ་སྐྱེད་འབདཝ་ད་ ཆུ་དུང་ཚུ་མེདཔ་བཏང་ཡོདཔ་ད་ ཨིན་རུང་ ལས་སྡེའི་རྒྱབ་སྐྱོར་ཐོག་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་ནིའི་དོན་ལུ་ རྒེད་འོག་གིས་ དངུལ་ཀྲམ་འབུམ་༡༢ བཞག་སྟེ་ཡོད་ཟེར་ཨིན་པས།
གླིང་མི་ཐང་ལས་ ལམ་སེལ་བཟོ་རིག་འགོ་དཔོན་ དབང་འདུས་ཀྱིས་ སླབ་མིའི་ནང་ ཆུ་དུང་ཚུ་ གཞུང་ལམ་གྱི་ གཡས་གཡོན་ལས་ འཐེན་པའི་སྐབས་ ཆུ་དུང་ཚུ་ མི་ཊར་༢ ས་དོང་ནང་ བཙུགས་དགོཔ་སྦེ་ཡོད་རུང་ ལམ་སྒོར་ལྟབ་ནང་ རྒྱ་སྐྱེད་འབད་བའི་སྐབས་ མེདཔ་བཏང་ཡོདཔ་མ་ཚད་ ཆུ་རུད་དང་ ས་རུད་ཀྱིས་ཡང་ འཕྱགས་བདའ་ནུག་ཟེར་ སླབ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༡༠ ལུ་ ཁྲི་དྭངས་སྦིས་སྤྱི་འོག་གི་ ལྷ་ཁང་ནང་སྦེ་ རྒཔོ་དང་ ཚོགས་པ་ དེ་ལས་ གུང་པ་༣༠ གི་ མི་སེར་ཚུ་དང་གཅིག་ཁར་ འཐུང་ཆུའི་དཀའ་ངལ་ སེལ་ཐབས་ལུ་ གོ་བསྡུར་ཞལ་འཛོམས་འཚོགས་པའི་སྐབས་ གནད་དོན་ཅིག་ སྒེར་གྱིས་ ལག་ལེན་འཐབ་དོ་ཡོད་པའི་ ཆུ་རྐ་ཚུ་ཡང་ རྒེད་འོག་གིས་ སྲུང་སྐྱོབ་འབད་ནིའི་དོན་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ གྲོས་འཆམ་བྱུང་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།