ཁྲལ་ལས་འཛེམ་སྡོད་མི་ཚུ་ གསལ་སྟོན་འབད་ནིའི་ ལམ་ལུགས་མེདཔ།

༉ རྩིས་ལོ་༢༠༡༣ དང་༢༠༡༤ ཕྱདཔ་ད་ རྩིས་ལོ་༢༠༡༥ དང་༢༠༡༦ གི་ལོ་ལུ་ ནང་ཁྲལ་ལུ་བརྟེན་ པའི་འོང་འབབ་ དངུལ་ཀྲམ་ཐེར་འབུམ་༣ ཡར་སེང་སོང་ཡོདཔ་ད་ རྩིས་ལོ་དེ་ནང་ ནང་ཁྲལ་ལས་ འོང་འབབ་དངུལ་ཀྲམ་ ཐེར་འབུམ་༢༨.༠༣༣ ཐོབ་ཡོདཔ་ཨིན་པས།

གལ་སྲིད་ ཁྲལ་བསྡུ་ལེན་གྱི་ལམ་ལུགས་དེ་ ལེགས་ཤོམ་ཡོད་པ་ཅིན་ འོང་འབབ་དེ་ལས་ལྷག་སྟེ་ ཡར་སེང་འགྱོ་ནིའི་ གོ་སྐབས་ཡོདཔ་ད་ དེའི་སྐོར་ལས་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་ལས་འབྲེལ་རྩིས་ཞིབ་ཀྱི་ སྙན་ཞུའི་ཐོག་ལུ་ དམངས་རྩིས་ཚོགས་ཆུང་གིས་ ལྟ་ཞིབ་འབད་བའི་དོན་ཚན་ཐོག་ལུ་ གསུང་གྲོས་བྱུང་ཡི།
རྒྱལ་ཁབ་ཀྱི་ འོང་འབབ་འབྱུང་ཁུངས་ངོ་མ་ཅིག་ ཁྲལ་ཨིན་རུང་ འབྲུག་མི་མང་ཤོས་ཅིག་གིས་ རང་སོའི་ རྒྱུ་དངོས་དང་འོང་འབབ་ཚུ་ ཁ་གསལ་སྦེ་ གསལ་སྟོན་མ་འབད་བར་ ཁྲལ་ལས་འཛེམ་སྡོད་མི་དེ་ དཀའ་ངལ་ཆེ་ཤོས་ཅིག་ཨིན་པས།
འབྲུག་མི་ མང་ཤོས་ཅིག་གིས་ ཁྲལ་ལས་འཛེམ་སྡོད་མི་ཚུ་ གསལ་སྟོན་འབད་བཏུབ་པའི་ ལམ་ལུགས་མེདཔ་ལས་ ཁྲལ་བཏབ་མི་ཚུ་གིས་ རྒྱུ་དངོས་གསལ་སྟོན་འབད་མི་ལུ་ ཁྲལ་བཀལ་ཡོདཔ་མ་གཏོགས་ གསལ་སྟོན་མ་འབད་མི་ཚུ་ལུ་ ཁྲལ་བཀལ་མ་ཚུགས་པས་ཟེར་ཨིན་པས།
གལ་སྲིད་ གཞུང་གིས་ རྒྱུ་དངོས་འཆང་མི་ཚུ་ལས་ གནས་སྡུད་ཁ་གསལ་སྦེ་ ཤེས་ཚུགས་པའི་ལམ་ལུགས་ བཟོ་ཚུགས་པ་ཅིན་ ཁྲལ་ལུ་བརྟེན་ འོང་འབབ་ལེ་ཤ་བཟོ་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་རུང་ ད་ཚུན་ དེ་བཟུམ་གྱི་ ལམ་ལུགས་མེདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ ཞུ་མིའི་ནང་ ཁྲལ་ལས་ཟུར་སྡོད་མི་དེ་ གནས་སྡུད་ཁ་གསལ་སྦེ་ གསལ་སྟོན་འབད་མ་ཚུགས་མི་ཚུ་ ཧིང་སངས་ས་ཤེས་ནིའི་དོན་ལུ་ ལམ་ལུགས་བཟོ་དགོཔ་མ་ཚད་ ལྟ་རྟོག་འབད་མི་ ཚོགས་ཆུང་གཅིག་ཡང་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ད་རེས་ ཆེ་མཐོའི་ཚོགས་ཆུང་མེདཔ་ལས་ ཁྲལ་ལས་འཛེམ་སྡོད་མི་ཚུ་ བརྟག་ཞིབ་འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཨིན་རུང་ ཚོགས་ཆུང་གཞི་བཙུགས་ཀྱི་ གྲོས་གཞི་དེ་ལུ་ འཐུས་མི་ཚུ་ལས་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་མ་ཚུགས་ནི་དེ་གིས་ ཆ་འཇོག་གྲུབ་མ་ཚུགས།
ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ གསུངས་མིའི་ནང་ མ་གཞི་ འཐུས་མི་མང་ཤོས་ཅིག་གིས་ གྲོས་གཞི་དེ་ ཁག་ཆེ་ཏོག་ཏོ་ཨིནམ་ལས་ ངོས་ལེན་འབད་རུང་ རྒྱབ་སྐྱོར་འབད་མི་ལེགས་ཤོམ་མ་ཐོན་ཟེར་ཨིན་པས།
མགར་སའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་འབད་བ་ཅིན་ ཁྲལ་ལས་འཛེམ་སྡོད་མི་ཚུ་ གསལ་སྟོན་འབད་ནིའི་ལམ་ལུགས་དེ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བཟོ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༠༩ ལུ་ ཁྲལ་ལུ་བརྟེན་འོང་འབབ་ དངུལ་ཀྲམ་ས་ཡ་༧༠༧.༣༠ བཟོ་མི་དེ་ སྤྱི་ལོ་༢༠༡༣ ལུ་ དངུལ་ཀྲམ་ས་ཡ་༡,༧༨༣.༨༩ ལུ་ ཡར་སེང་སོང་ཡོདཔ་ལས་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༡༥༢ ཡར་སེང་སོང་ཡོདཔ་ལས་ ད་ལས་ཕར་ ལམ་ལུགས་དེ་ ཁ་གསལ་ཡོད་པ་ཅིན་ འོང་འབབ་དེ་ ལེ་ཤ་གིས་ ཡར་སེང་འབད་ཚུགས་ནི་ཨིན་པས།
ལོ་བསྟར་རྩིས་ཞིབ་སྙན་ཞུའི་ཐོག་ལུ་ དམངས་རྩིས་ཚོགས་ཆུང་གིས་ ཚོང་སྡེའི་འབབ་ཁུངས་དང་ རྐྱེན་ངན་འཛིན་སྐྱོང་ རྒེད་འོག་གོང་འཕེལ་གནང་བྱིན་མ་དངུལ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་ དེ་ལས་ མི་དམངས་ཟད་འགྲོ་འཛིན་སྐྱོང་རིམ་ལུགས་ཀྱི་ཐོག་ལུ་ ལྟ་ཞིབ་འབད་ནུག།
སྤྱི་ཚོགས་ལྷན་བཞུགས་ནང་ གྲོས་འདེབས་ཁག་༡༡ ཕུལ་མིའི་གྲས་ལས་ ཚོང་ཁྲལ་འབབ་ཁུངས་ཀྱི་ ཁྲལ་གྱི་ཐད་ལུ་འབད་བ་ཅིན་ བསྟན་རྒྱས་ལྷན་ཁག་གིས་ ཆོག་ཐམ་སྤྲོད་ཐོག་ ལུགས་ཡངས་ཀྱི་ཚོང་ལས་ཚུ་ འཐབ་བཅུག་ནིའི་ འགན་ཁུར་འབག་དགོཔ་མ་ཚད་ ཚོང་འབྲེལ་ལས་ཁུངས་དང་ བཟོ་གྲྭ་ལས་ཁུངས་ དེ་ལས་ བཟོ་གྲྭ་ཆུང་བ་དང་བར་མའི་ལས་ཁུངས་ཚུ་གི་ ཡོངས་འབྲེལ་ཐོག་ ཆོག་ཐམ་སྤྲོད་ནིའི་ལམ་ལུགས་དེ་ འོང་འབབ་དང་བདག་སྐྱོང་གི་ བརྡ་དོན་འཛིན་སྐྱོང་རིམ་ལུགས་དང་གཅིག་ཁར་ འབྲེལ་མཐུན་བཟོ་དགོཔ་འདུག་ཟེར་ཨིན་པས།
སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པ་དེ་ ལེགས་ཤོམ་སྦེ་ འགྲུབ་ནིའི་དོན་ལུ་ དགོས་མཁོ་དང་ དོན་སྨིན་ཅན་གྱི་ ལྟ་རྟོག་འབད་མི་དགོ་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་ གློག་མེ་ལས་འགུལ་དེ་དངུལ་ཀྲམ་ས་ཡ་༣༥,༡༤༧.༨༥ སྦེ་ འགོ་བཙུགས་མི་དེ་ ལོ་༣ ཀྱི་ནང་འཁོད་ལུ་ ཟད་འགྲོ་བསྐྱར་གསོ་འབད་དེ་ དངུལ་ཀྲམ་ས་ཡ་༩༣,༧༥༥.༨༣ ཡར་སེང་འབད་ནི་དེ་གིས་ གཞུང་ལུ་ཟད་འགྲོ་སྦོམ་གནས་ཡོདཔ་ཨིན་པས།
རྐྱེན་ངན་འཛིན་སྐྱོང་གི་ཐད་ལུ་འབད་བ་ཅིན་ རང་བཞིན་དང་འབྲེལ་བའི་རྐྱེན་ངན་ཚུ་ འཛིན་སྐྱོང་འབད་ནིའི་དོན་ལུ་ རྐྱེན་ངན་འཛིན་སྐྱོང་བཅའ་ཁྲིམས་༢༠༡༣ ཅན་མ་ ལག་ལེན་ཚུལ་མཐུན་འཐབ་དགོཔ་མ་ཚད་ ཡུན་བརྟན་བློ་གཏད་མ་དངུལ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིན་པས།
རྒེད་འོག་གནང་བྱིན་མ་དངུལ་ ཚུལ་མཐུནམ་སྦེ་ སྤྱོད་ནིའི་དོན་ལུ་ གཞུང་གིས་ རྒེད་འོག་གོང་འཕེང་གནང་བྱིན་མ་དངུལ་ལམ་སྟོན་དེ་ བསྐྱར་ཞིབ་དང་ ལས་སྣ་འགོ་བཙུགས་མི་ཚུ་ ལྟ་རྟོག་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *