ཁྲལ་ཟུར་ཐབས་འབད་བའི་ རྩོད་དོན་༡ ཕྱིར་བཏོན་དང་ འཕྱོག་བཟུང་འབད་མི་ སྣུམ་འཁོར་ཊཱག་༢ ལོག་སྤྲོད་ནི།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་འཛུགས་འབད་མི་ ནང་འདྲེན་པ་༡༨ ཀྱི་གྲས་ལས་༡ རྩོད་བཤེར་འབད་ནི་ལས་ བཤོལ་བཞག་འབད་ནུག།
དེ་ཡང་ འདས་པའི་ཟླཝ་ནང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཡི་གུ་ཅིག་ བཏང་མིའི་ནང་ རྩོད་དོན་ཕྱི་སེལ་སྡེ་ཕྲན་གྱིས་ དབྱེ་ཞིབ་འབདཝ་ད་ ནང་འདྲེན་པ་གཞན་༡༧ བཟུམ་སྦེ་མེན་པར་ ལས་སྐྱིད་བསྟན་འཛིན་ལུ་ ཅ་ཆས་ནང་འདྲེན་འབད་ནི་གི་ ཚོང་འབྲེལ་ཆོག་ཐམ་མིན་འདུག་ཟེར་བཀོད་ནུག།
ཁོ་གིས་ ཟངས་སྐུད་བམ་ཆག་ཅིག་ ནང་འདྲེན་འབད་མི་དེ་ ཁོ་རའི་མཆོད་ཆས་ བཟོ་ནིའི་དོན་ལུ་ཨིནམ་ལས་ ཚོང་འབྲེལ་གྱི་དོན་ལུ་ ནང་འདྲེན་འབད་འབདཝ་མེན་པས་ཟེར་ བཀོད་ཡོདཔ་ད་ མ་གཞི་ ལས་སྐྱིད་བསྟན་འཛིན་གྱིས་ ཅ་ཆས་ཚུ་ ནང་འདྲེན་འབདཝ་ད་ ནང་འདྲེན་པ་གཞན་༡༧ གྱི་ ཚོང་ཆས་ཚུ་ འབག་འོང་མི་ སྣུམ་འཁོར་ཊཱག་དེ་ ལག་ལེན་འཐབ་ཡོད་རུང་ ཚོང་འབྲེལ་གྱི་དོན་ལུ་ འབག་མ་འོང་པས་ཟེར་བཀོད་ནུག།
ཚོང་འབྲེལ་གྱི་དོན་ལུ་ཨིན་པ་ཅིན་ ཚོང་འབྲེལ་བཅའ་ཡིག་དང་ བཙོང་ཁྲལ་དང་ ཅ་དམ་ ནང་ཁྲལ་བཅའ་ཁྲིམས་༢༠༠༠ ཅན་མ་དང་འཁྲིལ་ ནང་འདྲེན་ཅ་ཆས་ཚུ་ གསལ་སྟོན་ཐོག་ ཁྲལ་བཏབ་དགོཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་སྐྱིད་བསྟན་འཛིན་ལུ་ཡང་ ཚོང་འབྲེལ་ཆོག་ཐམ་འཆང་མི་༡༧ བཟུམ་སྦེ་ར་ ཉེས་འཛུགས་འབད་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་༢༠༡༥ ཅན་མའི་ དོན་ཚན་༤༡ པའི་ནང་ ཉེས་བཤེར་གྱི་ རྒྱབ་འགལ་ལུ་ སྤྱི་དོན་བརྩི་འཇོག་འབད་དགོ་ཟེར་ གསལ་བཀོད་འབད་མིའི་ དགོངས་དོན་ལས་ འགལ་འོང་ཟེར་ཨིན་པས།
དེ་འབདཝ་ལས་ ནང་འདྲེན་པ་༡༧ ལུ་ ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་འཛུགས་བཀལ་ཏེ་ ད་ལྟོ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་ཡོད་རུང་ ལས་སྐྱིད་བསྟན་འཛིན་གྱི་ཐད་ལུ་ གོང་གསལ་གཞི་ཁུངས་ཚུ་དང་འཁྲིལ་ རྩོད་བཤེར་འབད་ནི་ལས་ བཤོལ་བཞག་འབད་ཡི་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་བཏང་མི་ ཡི་གུའི་ནང་བཀོད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཀྱི་སྤྲོས་རྐོཔ་ ལས་སྐྱིད་བསྟན་འཛིན་ལུ་ དངུལ་ཀྲམ་༩,༦༩༠ དེ་ཅིག་གནས་པའི་ ཅ་ཆས་ཚུ་ ནང་འདྲེན་འབད་དེ་ འབག་འོངམ་ད་ ཕུན་ཚོགས་གླིང་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ནང་ གསལ་སྟོན་མ་འབད་མི་དང་ དོན་ཆེད་སྦེ་ར་ ཁྲལ་དངུལ་ཀྲམ་༤,༨༤༥ མ་བཏབ་པས་ཟེར་ ཉེས་འཛུགས་འབད་ནུག།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ད་ ལས་སྐྱིད་བསྟན་འཛིན་དང་ ཐིམ་ཕུག་ལུ་ཡོད་མི་ ཚོང་འབྲེལ་ཁང་སོ་སོའི་ ནང་འདྲེན་པ་༡༧ གྱིས་ སྤྱི་ལོ་༢༠༡༤ ཟླ་༡༡ པའི་ཚེས་༢༡ ལུ་ ཕུན་ཚོགས་གླིང་འཛུལ་སྒོའི་ནང་ དངུལ་ཀྲམ་ས་ཡ་༢.༡༡༤ དེ་ཅིག་གི་ ཚོང་ཆས་ཚུ་ གསལ་སྟོན་མ་འབད་བར་ འབག་འོང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༦ པའི་ཚེས་༥ ལུ་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ ནང་འདྲེན་པ་ཚུ་གིས་ བཙོང་ཁྲལ་དངུལ་ཀྲམ་༡༡༥,༡༨༨ མ་བཏབ་པར་ ཟུར་ཐབས་འབད་མི་ལུ་བརྟེན་ ཁྲིམས་འདུན་ལུ་ རྩོད་ཟླ་ཚུ་ལས་ དངུལ་ཀྲམ་ས་ཡ་༠.༩༦༨ སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ནུག།
ཅ་ཆས་ཚུ་ སྣུམ་འཁོར་ཊཱག་༢ ཀྱིས་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་ སྐྱེལ་འདྲེན་འབད་བའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཕྱོག་བཟུང་འབད་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དེད་གཡོགཔ་༢ ཆ་ར་ལུ་ ཉེས་ལས་ནང་ བཅའ་མར་གཏོགས་ཡོད་པའི་ ཉེས་འཛུགས་བཀལ་ཏེ་ཡོདཔ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ དེད་གཡོགཔ་༢ ནང་འདྲེན་པ་ཚུ་གི་ ཅ་ཆས་སྐྱེལ་འདྲེན་འབད་མི་ རྐྱངམ་གཅིག་གིས་མ་དོ་བར་ ཅ་དམ་ཞིབ་དཔྱོདཔ་དང་ ས་མཚམས་ཕྱི་ཁའི་ བཀྲམ་སྤེལ་བ་ཚུ་དང་ འབྲེལ་བ་དམ་ཟབ་འཐབ་མི་ ངོ་ཚབ་ཡང་ཨིན་པའི་ མངོན་གསལ་བྱུང་ནུག།
རྩོད་དཔོན་ཡོངས་ཁྱབ་ཀྱི་ གྲོས་འདེབས་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཙན་ལེན་འབད་མི་ སྣུམ་འཁོར་ཊཱག་༢ ཁྲིམས་མཐུན་ཇོ་བདག་ལུ་ ལོག་རྩིས་སྤྲོད་ནི་སྦེ་ ཐག་བཅད་ནུག།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཡི་གུ་ནང་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ འཕྱོག་བཟུང་འབད་མི་ ཌི་སི་ཨེམ་ཊཱག་༢ ཅ་ཆས་སྐྱེལ་འདྲེན་གྱི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ཡོདཔ་ལས་ ཁྲིམས་ཀྱི་འདུན་སར་ སྒྲུབ་བྱེད་སྦེ་ གསལ་སྟོན་འབད་མི་དགོ་པའི་ཁར་ ཊཱག་དེ་གཉིས་ ཁྲལ་ལས་ཟུར་ཐབས་འབད་བའི་ ཁ་ཉེས་ཕོག་མི་ཚུ་གི་མིན་པས་ཟེར་ བཀོད་ནུག།
ལྷན་ཚོགས་ཀྱི་ལྷན་འཛིན་ རྒྱ་མཚོ་གིས་ སླབ་མིའི་ནང་ ཊཱག་༢ འཕྱོག་བཟུང་འབད་མི་དེ་ནང་ ཅ་ཆས་ཚུ་ཡོདཔ་ལས་ དེ་ཚུ་ བཞག་ནིའི་དོན་ལུ་ ཕུན་ཚོགས་གླིང་ལུ་ དོས་ཁང་འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།
བརྒྱུད་ཁྲལ་ཟུར་ཐབས་འབད་བའི་ རྩོད་དོན་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ནང་འདྲེན་པ་ཚུ་དང་གཅིག་ཁར་ ཅ་དམ་ཞིབ་དཔྱོདཔ་༢ ལུ་ འགན་འཁྲི་ལོག་སྤྱོད་དང་ ཉེས་ལས་ནང་ བཅའ་མར་གཏོགས་པའི་ ཉེས་འཛུགས་འབད་དེ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་ ཅ་ཆས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་༢ ཀྱིས་ སྤྱི་ལོ་༢༠༡༤ ཟླ་༡༡ པའི་ཚེས་༢༡ ལུ་ འཛུལ་སྒོ་ནང་ ཁྲལ་གྱི་དོན་ལུ་ གསལ་སྟོན་མ་འབད་བའི་སྐོར་ གསང་བའི་སྙན་ཞུ་ཅིག་ ཐོབ་མི་དང་འཁྲིལ་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དེ་བསྒང་ མི་ངོ་༢༩ ལུ་ དྲི་ཞིབ་འབད་ཡོདཔ་མ་ཚད་ མི་༢ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ བཏང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *