ཁྲལ་ཟུར་ཐབས་འབད་བའི་ འབྲེལ་གནད་ནང་ མི་༢༨ ཁྲིམས་སར་བསྐྱལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་གི་ས་མཚམས་ཚོང་འབྲེལ་ལྟེ་བ་ ཕུན་ཚོགས་གླིང་ལུ་ བརྒྱུད་ཁྲལ་ཟུར་ཐབས་དང་ ཚོང་འབྲེལ་ཆོག་ཐམ་ ཕྱི་མི་ཚུ་ལུ་ གླར་སྤྱོད་འབད་བཅུག་པའི་ ཉེས་རྩོད་༢༣ དང་ ཞི་རྩོད་༥ རྩོད་བཤེར་གྱི་དོན་ལུ་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ བཙུགས་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༥ ལུ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་མི་དེ་ནང་ ཉེས་འཛུགས་ཅན་༢༨ ཡོད་པའི་ནང་ ཅ་དམ་ཞིབ་དཔྱོདཔ་༢ དང་ ཁྲོམ་དཔོན་བགྲེསཔ་ཡོདཔ་ཨིན་པས།
བརྒྱུད་ཁྲལ་ཟུར་ཐབས་འབད་བའི་ འབྲེལ་གནད་ནང་ མི་གྲངས་༢༣ ལུ་ ཉེས་འཛུགས་འབད་དེ་ཡོད་མིའི་གྲས་ལས་ ཕུན་ཚོགས་གླིང་ཁྲོམ་ཁར་ཡོད་མི་ རམ་པི་རིཊ་ཤཱ་བཟའ་ཆས་ཚོང་ཁང་ ལག་ལེན་འཐབ་མི་ རྒྱ་གར་གྱི་མི་ཁུངས་ བི་རེན་དར་ ཀུ་མར་གུབ་ཏ་ལུ་ རྒྱལ་ཁབ་གསུམ་པ་ཚུ་ལས་ ནང་འདྲེན་འབད་བའི་ ཅ་ཆས་ཚུ་ལུ་ བཙོང་ཁྲལ་དང་ ཅ་དམ་ཁྲལ་ཚུ་ལས་ ཟུར་ཐབས་འབད་བའི་ ཉེས་འཛུགས་ཁག་༥ བཀལ་མི་དེ་ མཐོ་ཤོས་ཨིན་པས།
ཉེ་འཛུགས་ཅན་དེ་གིས་ འབྲུག་མི་ཚུ་གི་ མིང་ཐོ་ལུ་ཡོད་པའི་ ཚོང་འབྲེལ་ཆོག་ཐམ་༥ ལག་ལེན་འཐབ་སྟེ་ སྤྱི་ལོ་༢༠༠༨ དང་༢༠༡༠ གྱི་བར་ན་ རྒྱལ་ཁབ་གསུམ་པ་ཚུ་ལས་ དངུལ་ཀྲམ་ས་ཡ་༩.༧༦༩ ལྷགཔ་ཅིག་གི་ ཚོང་ཆས་ཚུ་ ནང་འདྲེན་འབད་ཡོདཔ་ད་ ཁོ་གིས་ ལག་ལེན་འཐབ་མི་ ཚོང་འབྲེལ་ཆོག་ཐམ་༡ ཕུན་ཚོགས་གླིང་ཁྲོམ་དཔོན་བགྲེསཔ་ ཚེ་བརྟན་རྡོ་རྗེའི་ མིང་ཐོ་ཁར་ཡོད་པའི་ ཀེ་སི་ཌི་ཚོང་ཁང་གི་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བཤེར་ཡིག་ནང་ བཀོད་པའི་ནང་གསལ་ རྩོད་ཟླ་གིས་ དངུལ་ཀྲམ་ས་ཡ་༩.༧༩༦ གི་ ཚོང་ཆས་ནང་འདྲེན་འབད་ཡོད་རུང་ ཕུན་ཚོགས་གླིང་་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ནང་ དངུལ་ཀྲམ་ས་ཡ་༤.༥༦༢ རྐྱངམ་གཅིག་གི་ ཚོང་ཆས་ཚུ་ གསལ་སྟོན་འབད་དེ་ བརྒྱུད་ཁྲལ་ལས་ ཟུར་ཐབས་འབད་ནུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྡེ་ཚན་གྱིས་ ཞིབ་དཔྱད་རྐྱབ་ད་ བི་རེན་དར་གུབ་ཏ་གིས་ ནང་འདྲེན་འཐབ་མི་ག་ར་ ཐོ་བཀོད་བཞག་མི་ ཉིན་དེབ་ཅིག་ ཐོབ་མི་དེ་ནང་ རྩོད་ཟླ་གིས་ སྤྱི་ལོ་༢༠༠༨ དང་༢༠༡༠ གྱི་བར་ན་ རྒྱལ་ཁབ་གསུམ་པ་ ཐའི་ལེནཌ་དང་ རྒྱ་ནག་ སིངྒ་པུར་ མ་ལེ་ཤི་ཡ་ཚུ་ལུ་ དངུལ་ཀྲམ་ས་ཡ་༤༥.༡༢༠ བསྐྱལ་ཡོད་པའི་ མངོན་གསལ་བྱུང་ནུག།
བི་རེན་དར་གུབ་ཏ་གིས་ འབྲུག་མི་ཚོང་འབྲེལ་འཆང་མི་ དགའ་སྐྱིད་ཚོང་ཁང་དང་ ཊེཌ་ཨེ་ཤི་ཡ་ བཙན་སྐྱོགས་བཟང་མོ་ནང་འདྲེན་ཚོང་ཁང་ ཀེ་སི་ཌི་ཚོང་ཁང་ གོང་འཕེལ་ཚོང་ཁང་༥ གི་ ཆོག་ཐམ་ཚུ་ ལག་ལེན་འཐབ་སྟེ་ ནང་འདྲེན་འབད་ཡོདཔ་ཨིན་པས།
ཁྲོམ་དཔོན་བགྲེསཔ་ ཚེ་བརྟན་རྡོ་རྗེའི་ ཚོང་འབྲེལ་ཆོག་ཐམ་གྱི་ཐད་ལུ་ ད་རུང་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ ཀུ་མར་པར་དཱན་གྱིས་ གླ་ཁར་ལེན་ཡོད་རུང་ སྤྱི་ལོ་༢༠༠༩ ལུ་ བི་རེན་དར་གུབ་ཏ་ལུ་ ལག་ལེན་འཐབ་བཅུག་སྟེ་ ཐའི་ལེནཌ་ལས་ དངུལ་ཀྲམ་ས་ཡ་༢.༧༣༩ དེ་ཅིག་གི་ ཅ་ཆས་ཚུ་ ནང་འདྲེན་འབད་དེ་ བར་འབྲེལ་འཐུས་ དངུལ་ཀྲམ་༢༠,༠༠༠ སྤྲོད་ནུག་ཟེར་ཨིན་པས།
ཚེ་བརྟན་རྡོ་རྗེ་གིས་ ཕྱི་མི་ལུ་ ཚོང་འབྲེལ་ཆོག་ཐམ་སྤྱོད་བཅུག་མི་དེ་ ཁྲིམས་འགལ་ཨིན་རུང་ སྤྱི་ལོ་༢༠༡༡ ལུ་ ཁྲོམ་སྡེ་བཙག་འཐུའི་ནང་ དོ་འགྲན་འབད་དེ་ ཁྲོམ་དཔོན་སྦེ་ བཙག་འཐུ་གྲུབ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ ཁོ་གི་མིང་ཐོ་ཁར་ ཚོང་འབྲེལ་ཆོག་ཐམ་ཡོད་རུང་ སྤྱི་ལོ་༢༠༡༠ ཟླ་༡༢ པའི་ཚེས་༢༧ ལུ་ ཁྲོམ་དཔོན་གྱི་ བཙག་འཐུའི་དོན་ལུ་ འདེམས་ངོའི་ཡིག་ཆ་ནང་ དྲང་བདེན་ཐོག་ལུ་ མ་བཙུགས་པའི་ཁར་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་ནང་ཡང་ བརྡ་དོན་ཕྱི་འགྱུར་སྦེ་ བཙུགས་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་འབདཝ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲོམ་དཔོན་བགྲེསཔ་ ཚེ་བརྟན་རྡོ་རྗེ་ལུ་ མགུ་སྐོར་ཐེངས་༢ རྐྱབ་པའི་ ཉེས་འཛུགས་བཀལ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་ནུག།
ཉེས་བཤེར་འབད་མི་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ རྩོད་ཟླ་བི་རེན་དར་གུབ་ཏ་ལུ་ ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་བྱ་ཚུ་རྩིས་ཏེ་ དངུལ་ཀྲམ་ས་ཡ་༡༧.༥༨༧ རྒྱལ་ཁམས་ལུ་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་དགོ་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བི་རེན་དར་གུབ་ཏ་དེ་ སྤྱི་ལོ་༢༠༡༥ ཟླ་༡༢ པའི་ཚེས་༢༣ ལས་༢༨ ཚུན་ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ བར་ན་རྒྱབ་མི་བཙུགས་ཏེ་ འབའ་དངུལ་ཀྲམ་ས་ཡ་༣.༣༧༢ ལྷན་ཚོགས་ལུ་ བཙུགས་བཅུག་ཐོག་ལས་ བཏང་ཡོདཔ་ཨིན་པས།
རྒྱ་གར་གྱི་མངའ་སྡེ་ བི་ཧར་ལས་ཨིན་མི་ བི་རེན་དར་གུབ་ཏ་གིས་ ཕུན་ཚོགས་གླིང་ལུ་ སྤྱི་ལོ་༡༩༧༢ ལས་ཚུར་ ཁོ་རའི་ཨ་པའི་མིང་ཐོ་ཁར་ཡོད་མི་ ཆོག་ཐམ་ཐོག་ལུ་ ཚོང་འབྲེལ་འཐབ་སྡོད་པའི་ཤུལ་ལས་ སྤྱི་ལོ་༡༩༩༠ ལུ་ བཟའ་ཆས་ཚོང་ཁང་དེ་ རྩིས་ལེན་ཡོདཔ་ཨིན་པས།
ནང་འདྲེན་བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལཝ་ད་ འབྲུག་ལུ་ ཚོང་འབྲེལ་འཐབ་ཆོག་པའི་ ཆོག་ཐམ་ཐོབ་ཡོད་མི་ ཕྱི་མི་ཚུ་ལུ་ རྒྱལ་ཁབ་གསུམ་པ་ལས་ ཅ་ཆས་ནང་འདྲེན་འབད་ནི་གི་ འོས་འབབ་མེདཔ་ཨིན་པས།
ད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བི་རེན་དར་གུབ་ཏ་ལུ་ འབྲུག་མི་༥ གིས་ ཁྲིམས་འགལ་ཐོག་ ཚོང་འབྲེལ་ཆོག་ཐམ་གླར་སྤྱོད་འབད་བཅུག་མི་ཚུ་ཡང་ ཆ་མེད་བཏང་སྟེ་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ རེ་ བཀལ་དགོཔ་མ་ཚད་ བར་འབྲེལ་ཁེ་སང་ལེན་མི་ཚུ་ཡང་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *