༉ འཕྲལ་ཁམས་ཅིག་ཁར་ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ བསྐྱར་བཟོ་འབད་མི་ལུ་བརྟེན་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་མི་ འབྲུག་པའི་རྩི་ས་ཚུ་ མར་བབས་སོང་ཡོདཔ་ཨིན་པས།
དེ་ཡང་ འབྲུག་པའི་རྩིས་ས་ཉོ་མི་ རྒྱ་གར་གྱི་མི་ཚུ་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ བརྒྱ་ཆ་༢༨ ཕོག་ནི་ཨིནམ་ལས་ རྩི་ས་བཟོ་སྐྲུན་འབད་མི་ཚུ་གིས་ གོང་ཚད་བསྒྱུར་བཅོས་འབད་ནི་དང་ དེ་མིན་ རྒྱ་གར་ལུ་ཚོང་འབྲེལ་འཐབ་ནི་དེ་ མར་རབས་འབད་ནི་༢ ལས་ གདམ་ཁ་རྐྱབ་དགོ་ནི་ཨིན་པས།
དཔལ་ལྡན་རྩི་ས་དབང་འཛིན་གྱི་ ཚོང་འབྲེལ་འགོ་འཛིན་ བཀྲིས་འབྲུག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲལ་ལག་ལེན་འཐབ་མི་དེ་གིས་ རྒྱ་གར་ལས་ཐོན་སྐྱེད་འབད་མི་ རྩི་སའི་གོང་ཚད་དེ་ ཧེང་སྐལ་ར་ མར་འབབ་འགྱོ་ནི་ཨིནམ་ལས་ ད་ལྟོ་ འབྲུག་པའི་རྩི་ས་བཙོང་སའི་ ས་གནསཚུ་ནང་ ཁོང་གི་རྩི་ས་ཚུ་ དར་ཁྱབ་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ཁྲལ་ལག་ལེན་ འགོ་བཙུགས་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ རྩི་ས་བཟོ་སྐྲུན་འབད་མི་ཚུ་ལུ་ ཅ་དམ་ཁྲལ་དང་ ཁྲལ་གཞན་ཚུ་བསྡོམས་ཏེ་ བརྒྱ་ཆ་༣༠ དང་༣༣ གྱི་བར་ན་ཕོག་མི་དེ་ ད་ལས་ཕར་ མི་ཕོག་ནི་ཨིནམ་ལས་ རྒྱ་གར་གྱི་ བཟོ་སྐྲུན་ཁང་ཚུ་ལུ་ ཁེ་ཕན་འབྱུང་འོང་ཟེར་ ཁོ་གིས་བཤད་ཅི།
ཁྲལ་ལག་ལེན་འཐབ་ནི་ འགོ་བཙུགས་པའི་ཤུལ་ལས་ རྒྱ་གར་གྱི་རྩི་ས་ ཨཱིན་ཌི་ཡན་ པི་རི་མི་ཡམ་བེ་རེནཌ་གི་ གོང་ཚད་དེ་ དངུལ་ཀྲམ་༣༦༥ ལས་༣༤༥ ལུ་ མར་བབས་སོང་ཡོདཔ་ད་ དལ་མཱའི་ཟེར་མི་ རྩི་ས་དེ་ཡང་ རྒྱ་གར་ལུ་ དོ་འགྲན་སྦོམ་བྱིན་མི་ཨིན་རུང་ དེ་གི་གོང་ཚད་ཡང་ དངུལ་ཀྲམ་༣༣༦ ལས་༣༣༠ གུ་ མར་བབས་སོང་ཡོདཔ་ཨིན་པས།
བཀྲིས་འབྲུག་པ་གིས་ སླབ་མིའི་ནང་ ཁྲལ་དང་སྐྱེལ་འདྲེན་གྱི་ ཟད་འགྲོ་ཚུ་རྩིས་རྐྱབ་ད་ རྒྱ་གར་གྱི་ རྩི་ས་བཙོང་སའི་ ས་ཁོངས་ཚུན་ལྷོདཔ་ད་ དཔལ་ལྡན་རྩི་སའི་གོང་ཚད་དེ་ དངུལ་ཀྲམ་༣༧༧ རེ་གནས་དོ་ཡོདཔ་ད་ ད་ལྟོ་ བཟོ་གྲྭ་ཁང་ནང་ལས་ མེ་ཊིག་ཊཱོན་༥༠ གནས་མི་ལས་ མེ་ཊིག་ཊཱོན་རེ་ལས་ ཉུང་ཤོས་དངུལ་ཀྲམ་༩༤༠ དེ་ཅིག་ མར་ཕབ་འབད་དགོཔ་འོང་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ དཔལ་ལྡན་རྩི་སའི་བཟོ་གྲྭ་ཁང་ནང་ གི་ཡར་བཱོགསི་མེདཔ་འགྱོ་མི་དེ་གིས་ ཐོན་སྐྱེད་མར་བབས་སོང་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ རྒྱ་གར་གྱི་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ ལག་ལེན་འཐབ་ནི་ འགོ་མ་བཙུགས་པའི་ཧེ་མ་ལས་ ལས་སྡེ་གིས་ རྒྱ་གར་ལུ་ རྩི་ས་བཙོང་ནི་དེ་ བཀག་ཆ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ དཔལ་ལྡན་རྩི་སའི་ ཕྱིར་ཚོང་དེ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ རྩི་ས་མེ་ཊིག་ཊཱོན་༢༡༢,༠༩༠ ཕྱིར་བཙོང་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ མེ་ཊིག་ཊཱོན་༢༢༧,༣༩༠ ཕྱིར་བཙོང་འབད་ཡོདཔ་ཨིན་པས།
ལས་སྡེ་གིས་ ཕྱིར་བཙོང་བརྒྱ་ཆ་༦༠ འབད་དོ་ཡོདཔ་ད་ ཁྲལ་དེ་གིས་ གདུང་བསམ་རྩི་ས་ལས་འཛིན་ལུ་ཡང་ ཐོ་ཕོག་ཡོདཔ་ད་ ལས་སྡེ་གི་ཚོང་མགྲོན་འགོ་འཛིན་ ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ད་ལྟོའི་གནས་སྟངས་ནང་ ཁྲལ་དེ་གི་གནོད་པ་ཚུ་ ལེགས་ཤོམ་སྦེ་ཤེས་མ་ཚུགས་ཟེར་ཨིན་པས།
ལྷ་སྐྱིད་རྩི་སའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཅ་དངོས་དང་ཞབས་ཏོག་ཁྲལ་དེ་གིས་ འབྲུག་པའི་རྩི་སའི་ཚོང་ལམ་ལུ་ གནོད་པ་འབྱུང་འོང་ཟེར་ཨིནམ་ད་ རྒྱ་འབྲུག་གི་བར་ན་ ཚོང་འབྲེལ་གྱི་མཐུན་ལམ་ཡོདཔ་ལས་ འབྲུག་པའི་རྩི་ས་བཟོ་སྐྲུན་འབད་མི་ཚུ་ལུ་ཡང་ ཁྲལ་དགོངས་ཡངས་དུམ་གྲ་ཅིག་ འཐོབ་པའི་རེ་བ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།
Check Also
ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།
༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …