༉ འདས་པའི་ལོ་ནང་ རྒྱལ་ཡོངས་ཚོགས་འདུའི་ཡིག་ཚང་གིས་ ཚོགས་འདུའི་འཐུས་མི་ཚུ་ རང་སོའི་འདེམས་ཁོངས་ནང་ ལྟ་སྐོར་ལན་ཐེངས་ག་དེམ་ཅིག་ སོང་ཡོདཔ་ཨིན་ན་ དུས་ཡུན་ག་དེམ་ཅིག་ སྡོད་ཡོདཔ་ཨིན་ནའི་ གནས་སྡུད་བསྡུ་སྒྲིག་ཐོག་ པར་སྐྲུན་འབད་མི་ལུ་ལྟཝ་ད་ ཚ་གྱང་ལང་དགོཔ་དང་ འཐུས་མི་ཚུ་གི་ ཀུན་སྤྱོད་རྣམ་གཞག་ལུ་ དོགས་པ་ཆགས་དགོ་པའི་ གཞི་གནད་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ སྤྱི་ཚོགས་ཀྱི་འཐུས་མི་ ཆ་ཤས་ཅིག་གིས་ ཁོང་རའི་འདེམས་ཁོངས་ཚུ་ནང་ ཉིན་གྲངས་༢༠༠ ལས་ལྷག་སྟེ་ ལྟ་སྐོར་ལུ་ སོང་ཡོད་མིའི་གྲས་ལས་ འཐུས་མི་ཅིག་གིས་ ཉིན་གྲངས་༢༧༣ ལྟ་སྐོར་འབད་ནུག་ཟེར་ སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་ རྣམ་རྟོག་ལང་སི་སི་དང་ ཆ་གནས་འབད་མ་ཚུགས་པའི་ གནད་དོན་ཅིག་ཨིན་མས།
འདི་བཟུམ་མའི་ ལྟ་སྐོར་ཚུ་ལུ་ དོགས་པ་ཟ་དགོ་མི་དེ་ཡང་ ལོ་༡ ནང་ སྤྱི་ཚོགས་ལན་ཐེངས་༢ འཚོགས་དགོཔ་ལས་ འཐུས་མི་ཚུ་ ཚོགས་ཐེངས་དེ་གཉིས་ཀྱི་དོན་ལུ་ རྒྱལ་ས་ལྟེ་བ་ལུ་ ཉུང་ཤོས་ར་ ཟླཝ་༣ སྡོད་དགོ་པའི་ཁར་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་ཁག་༡༡ དེ་ཅིག་ཡོད་མིའི་ ཞལ་འཛོམས་ཚུ་གི་དོན་ལུ་ ཟླཝ་༤ སྡོད་དགོཔ་ལས་ དུས་ཡུན་ཟླ་ངོ་༩ གི་རིང་ འདེམས་ཁོངས་ནང་ ལྟ་སྐོར་འབད་ནི་གི་ འོས་འབབ་རྩ་ལས་མེད་ནི་དེ་གིས་ཨིན་མས།
སྤྱི་ཚོགས་ཀྱི་ བྱ་བའི་གནད་སྤྱོད་ཀྱི་ བཅའ་ཡིག་དང་འཁྲིལ་རུང་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་འགོ་མ་བཙུགས་པའི་ཧེ་མ་ རྒྱལ་ས་ལུ་ ཟླཝ་༡ གི་སྔ་གོང་ལས་ གྲ་སྒྲིག་སྦེ་ སྡོད་དགོཔ་ལས་ ལོ་༡ ནང་ ཚོགས་ཐེངས་༢ འཚོགསཔ་ད་ སྔ་གོང་གི་ ཟླཝ་༢ རྩིས་རྐྱབ་པ་ཅིན་ འཐུས་མི་ཚུ་ གནམ་བྱཱར་དགུན་གྱི་ ཚོགས་ཐེངས་༢ ཀྱི་དོན་ལུ་ ཟླཝ་༥ རང་སོའི་འདེམས་ཁོངས་ནང་ མ་འགྱོ་བར་ སྡོད་དགོཔ་ཨིན་མས།
དེ་འབདཝ་ལས་ འཐུས་མི་ཚུ་གིས་ ལོ་༡ ནང་ རང་སོའི་འདེམས་ཁོངས་ཀྱི་ ལྟ་སྐོར་ལུ་ མཐོ་ཤོས་ར་ དུས་ཡུན་ཟླཝ་༥ འབདཝ་ད་ ཉིན་གྲངས་༡༥༠ ལས་བརྒལ་ འགྱོ་ནི་གི་ འོས་འབབ་མེདཔ་ད་ འཐུས་མི་ལ་ལོ་གིས་ ཉིན་གྲངས་༢༧༣ འདེམས་ཁོངས་ནང་ སོང་ཡོདཔ་སྦེ་ སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་ དུས་ཡུན་ཟླཝ་༩ ཨིནམ་བཞིན་དུ་ འདི་ངེས་བདེན་ཨིན་པ་ཅིན་ འཐུས་མི་དེ་གིས་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་མཇུག་མ་བསྡུཝ་ཚུན་ཚོད་ བཅའ་མར་མ་གཏོགསཔ་ འོང་ནི་དང་ ཚོགས་ཆུང་གི་ ཞལ་འཛོམས་ཚུ་ནང་ཡང་ གྲལ་གཏོགས་མ་འབདཝ་ འོང་ནི་ཨིན་མས།
མ་གཞི་ མི་སེར་གྱིས་ བློ་གཏད་དེ་ ཁོང་གི་ ངོ་ཚབ་སྦེ་ སྤྱི་ཚོགས་ནང་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ལས་ ང་བཅས་ཀྱི་ འཐུས་མི་ཚུ་ རང་སོའི་འདེམས་ཁོངས་ནང་ དུས་རྒྱུན་དུ་ ལྟ་སྐོར་ལུ་སོང་སྟེ་ མི་སེར་དང་ འབྲེལ་བ་དམ་ཟབ་ བཞག་ཚུགས་པ་ཅིན་ ལེགས་ཤོམ་ཨིན་རུང་ འབྲེལ་ཡོད་འཐུས་མི་ཚུ་ལུ་ བརྡ་བརྒྱུད་ཀྱིས་ བདེན་དཔྱད་ཀྱི་དོན་ལུ་ འབྲེལ་བ་འཐབ་ད་ ཡས་མས་ཀྱི་ ལོ་རྒྱུས་སླབ་མི་ལུ་ལྟཝ་ད་ ལྟ་སྐོར་ལུ་མ་འགྱོ་བའི་ ཐོབ་བརྗོད་བཀོད་ཡོདཔ་བཟུམ་ གསལ་སྟོན་འབདཝ་མས།
འཐུས་མི་ཚུ་གི་ ཉིན་འཐུས་དེ་ ཉིནམ་རེ་ལུ་ དངུལ་ཀྲམ་༡,༥༠༠ རེ་ཡོདཔ་ད་ ཁོང་ཆ་ཁྱབ་ འདེམས་ཁོངས་ཚུ་ནང་འགྱོཝ་ད་ ཉིན་འཐུས་ཐོབ་བརྗོད་བཀོད་དོ་ཡོདཔ་ད་ གལ་སྲིད་ སྙན་ཞུ་ནང་ གསལ་བཀོད་འབད་དོ་བཟུམ་ འཐུས་མི་ཚུ་གིས་ ལོ་༡ ནང་ ཉིན་གྲངས་༢༠༠ ལས་ལྷག་སྟེ་ ཉིན་འཐུས་ཐོབ་བརྗོད་བཀོད་ཡོད་པ་ཅིན་ འཐུས་མི་རེ་ལུ་ ཉིན་འཐུས་བསྡོམས་ དངུལ་ཀྲམ་འབུམ་༣ ལྷགཔ་རེ་ སྤྲོད་སྤྲོདཔ་འོང་ནི་མས།
ཨིན་རུང་ ལྟ་སྐོར་འབད་ཐངས་ལུ་ བལྟ་བ་ཅིན་ ང་བཅས་ཀྱི་ འཐུས་མི་མང་ཤོས་ཅིག་གིས་ འདེམས་ཁོངས་ནང་ བདུན་ཕྲག་དག་པ་ཅིག་ ལྟ་སྐོར་ལུ་སོང་སྟེ་ ཉིན་འཐུས་ཚུ་ ཐོབ་བརྗོད་བཀོདཔ་ད་ ཉིན་གྲངས་ཡར་སེང་རྐྱབ་སྟེ་ བཙུགས་ཡོད་པའི་ དོགས་སྣང་བྱུངམ་མ་ཚད་ ལྷག་པར་དུ་ འདས་པའི་ཟླཝ་ནང་ འཐུས་མི་ཅིག་གིས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ལུ་ ཁོ་ར་ འདེམས་ཁོངས་ནང་ ལྟ་སྐོར་ལུ་ འགྱོ་ནི་གི་ གནང་བ་ཞུ་ཡོད་རུང་ མ་འགྱོ་བར་ ཐིམ་ཕུག་ལུ་ར་ཡོད་པའི་ ཤེས་རྟོགས་བྱུངམ་ད་ འཐུས་མི་ཚུ་གིས་ དེ་སྦེ་ར་ ཉིན་འཐུས་ཐོབ་བརྗོད་བཀོད་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ རང་སོའི་ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ བྱ་སྤྱོད་འཐབ་ཡོད་པ་ཅིན་ ཚུལ་མིན་སྦོམ་ཨིནམ་ལས་ ཚོགས་འདུའི་ཡིག་ཚང་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་ངེས་པར་དུ་ འབད་དགོཔ་མ་ཚད་ དྲང་ཁྲིམས་ལྷན་སྡེ་ལུ་ ལས་འབྲེལ་རྩིས་ཞིབ་འབད་དོ་བཟུམ་ ཁྲིམས་བཟོ་ལྷན་སྡེ་ལུ་ཡང་ འབད་ནི་དེ་ཁག་ཆེ།
འཐུས་མི་ཚུ་ ལྟ་སྐོར་ལུ་འགྱོཝ་ད་ ཉིན་འཐུས་དང་ འགྲུལ་འཐུས་སྤྲོད་མི་ཚུ་ ཁྲལ་བཏབ་མི་ཚུ་གི་ ཏི་རུ་ཨིནམ་ལས་ ལྟ་སྐོར་ནང་ མ་འགྱོ་རུང་ འགྱོ་ཡི་ཟེར་ རྒྱལ་ཁམས་དང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ མགུ་སྐོར་ཐོག་ ཐོབ་བརྗོད་བཀོད་ཡོད་པ་ཅིན་ དེ་དང་འཁྲིལ་བའི་ འགན་འཁྲི་བཀལ་དགོ་ཟེར་ ཞུ་ནི་ཨིན།
Check Also
ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།
༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …