༉ འདས་པའི་ལོ་ནང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ དེའི་འོག་གི་ ཡན་ལག་ལས་འཛིན་གྱི་ ཁྲལ་དང་ བགོ་བཤའི་ཁེ་སང་ བརྒྱ་ཆ་༣༠ ལྷགཔ་ཅིག་ ནང་འཁོད་འོང་འབབ་ཡོངས་འབོར་ནང་ བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དངུལ་ཀྲམ་ཐེར་འབུམ་༥.༩༧ རང་སོའི་འབབ་ཁུངས་ལུ་ སྤྲོད་ཡོདཔ་ད་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ཡན་ལག་ལས་སྡེ་ཚུ་གིས་ སྤྱི་ལོ་༢༠༡༦ ལུ་ དངུལ་རྩིས་ལྷན་ཁག་ལུ་ བགོ་བཤའ་ཁེ་སང་དངུལ་ཀྲམ་ ཐེར་འབུམ་༣.༧༨༨ བྱིན་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ བརྒྱ་ཆ་༡༤ ཡར་སེང་སོང་ནུག།
སྤྱི་ཟླ་༥ པའི་ཚེས་༢༦ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ལོ་བསྟར་གནས་ཚུལ་ཞལ་འཛོམས་ནང་ འབྲུག་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་ དྲགོས་ཀརྨ་འོད་ཟེར་རལ་གྲི་གིས་ སླབ་མིའི་ནང་ ལས་སྡེ་ཚུ་གིས་ དངུལ་འབྲེལ་གྱི་ལཱ་ ལེགས་ལྡན་ཐོན་མི་ལུ་བརྟེན་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ ལས་སྡེ་ཚུ་གི་ འོང་འབབ་ངེས་ཏིག་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ཐེར་འབུམ་༧༦ ལས་ སྤྱི་ལོ་༢༠༡༦ ལུ་ ཐེར་འབུམ་༧༩ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་ལས་ ལས་སྡེ་ཚུ་གི་ འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༤༣.༣༨ ལུ་ ཡར་འཕར་སོང་ཡོདཔ་མ་ཚད་ ཟད་འགྲོ་ཡང་ དངུལ་ཀྲམ་ཐེར་འབུམ་༢ དེ་ཅིག་ ཡར་སེང་སོང་ནུག་ཟེར་ཨིན་པས།
བཀོད་ཁྱབ་གཙོ་འཛིན་གྱིས་ བཤད་མིའི་ནང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ དངུལ་རྩིས་ལྷན་ཁག་གི་བར་ན་ ན་ཧིང་ བགོ་བཤའི་ཁེ་སང་བསྐྱར་གསོའི་ གན་རྒྱ་བཟོ་མི་དེ་ཡང་ ཧེ་མ་འབད་བ་ཅིན་ ལས་སྡེ་ཚུ་གིས་ བགོ་བཤའ་ཚུ་ དུས་སྟབས་སྦེ་ བྱིན་ཡོད་རུང་ དུས་ཅི་ལས་ ལས་སྡེ་ཚུ་གི་ འོང་འབབ་ལས་ བརྒྱ་ཆ་༦༣ བྱིན་ནི་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ རང་རྐྱང་གིས་ ཏི་རུ་བཟོ་ནི་མེད་ཟེར་ཨིནམ་ད་ འོང་འབབ་ཚུ་ཡང་ ལས་སྡེ་ཁག་གིས་ ཐོབ་མི་ཚུ་ཨིན་ཟེར་ དྲགོས་ཀརྨ་འོད་ཟེར་རལ་གྲི་གིས་ སླབ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ རང་རྐྱང་གི་ དངུལ་འབྲེལ་རྩིས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ ཁྲལ་བཏབ་པའི་ཤུལ་ལས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༥.༠༨ བཟོ་ཡོད་མི་དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱིས་ བགོ་བཤའ་ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ན་ཧིང་ འོང་འབབ་ངེས་ཏིག་ དངུལ་ཀྲམ་ཐེར་འབུམ་༥༥ བཟོ་མི་དེ་ རྒྱལ་ཁབ་ཀྱི་གློག་མེ་ལས་འཛིན་ནང་ རྒྱལ་རབས་ཅན་གྱི་ གྲུབ་འབྲས་ཅིག་ཨིནམ་བཞིན་དུ་ ཁྲལ་མ་བཏབ་པའི་ཧེ་མར་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༧.༩ བཟོ་ཡོདཔ་བཞིན་དུ་ ཁྲལ་དངུལ་ཀྲམ་ཐེར་འབུམ་༢.༣༩༩ བཏབ་ནུག།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ན་ཧིང་ རྒྱལ་ཁབ་ནང་ སྤྱི་ཟླ་༡༠ པའི་ནང་ཡང་ ཆརཔ་རྐྱབ་མི་ལུ་བརྟེན་ གློག་མེ་འཕྲུལ་ཁང་ཚུ་ལུ་ བརྒྱ་ཆ་༣ དེ་ཅིག་ ལྷན་ཐབས་བྱུང་ཡི་ཟེར་ཨིནམ་ད་ ཁྲལ་མ་བཏབ་པའི་ཧེ་མར་ འོང་འབབ་བརྒྱ་ཆ་༩༠ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལུ་ བྱིན་ཡི་ཟེར་ཨིན་པས།
ཨིན་རུང་ གློག་མེ་འཕྲུལ་ཁང་ལ་ལོ་ཅིག་ ལོ་༣༠ ལྷག་ཡོདཔ་ལས་ བཅོ་ཁ་རྐྱབ་ནིའི་དོན་ལུ་ ཟད་འགྲོ་སྦོམ་སྦེ་ར་ གནསཔ་མས་ཟེར་བཤད་ཅི།
དེ་བཟུམ་སྦེ་ འབྲུག་གློག་མེ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༦ ལུ་ ཁྲལ་མ་བཏབ་པའི་ཧེ་མར་ འོང་འབབ་དངུལ་ཀྲམ་ ཐེར་བུམ་༡.༥༤ བཟོ་ཡོདཔ་བཞིན་དུ་ ལས་སྡེ་གི་ གློག་མེ་ཚུ་ལས་ མ་དངུལ་དངུལ་ཀྲམ་ ཐེར་འབུམ་༤.༧༩ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༤ ལས་བརྒལ་ བཟོ་མ་ཚུགས་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༥ ལུ་ འོང་འབབ་བརྒྱ་ཆ་༡༤ བཟོ་ཡོདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ ལུ་ གློག་མེའི་ཁྲལ་ བསྐྱར་གསོ་མ་འབདཝ་ལས་ གློག་མེ་ལས་ འོང་འབབ་བཟོ་མ་ཚུགས་ཟེར་ཨིན་པས།
རྒྱལ་ཁབ་ནང་ གློག་མེའི་མཐུན་རྐྱེན་ བརྒྱ་ཆ་༩༩.༥ ཁྱབ་སྟེ་ཡོདཔ་ད་ གློག་མེའི་ཅ་ཆས་ཚུ་ བགོ་བཀྲམ་འབད་ནི་ལུ་ ས་ཐག་རིང་ནི་དེ་གིས་ གླིང་བཞི་དང་ ལུང་ནག་ནང་ དེ་ལས་ འཇིགས་མེད་ཆོས་གླིང་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་ མ་ཚུགས་ཟེར་ཨིན་པས།
མ་གཞི་ ལུང་ནག་ནང་ལུ་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལས་ ཀོ་རི་ཡ་གཞུང་གིས་ མ་དངུལ་གྱི་གྲོགས་རམ་འབད་ནི་ལུ་ ཁ་བཟེད་ཡོད་རུང་ ནང་འཁོད་ལུ་ སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ མ་དངུལ་གྲོགས་རམ་ འབད་མི་ཚུགས་ནི་མས་ཟེར་ཨིན་པས།
དེ་ལས་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ འདས་པའི་ལོ་དང་ཕྱདཔ་ད་ ཁྲབ་མ་བཏབ་པའི་ཧེ་མར་ འོང་འབབ་དངུལ་ཀྲམ་ས་ཡ་༡,༢༧༨.༦༢ བཟོ་མི་དེ་ཡང་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༧༡ ཡར་སེང་སོང་ཡོདཔ་བཞིན་དུ་ ཁྲལ་བཏབ་པའི་ཤུལ་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༨༦༨.༧༤ བཟོ་ནུག།
འབྲུག་བརྒྱུད་འཕྲིན་ཚད་ཀྱི་ བཀོད་ཁྱབ་གཙོ་འཛིན་ངོ་ཚབ་ ཀརྨ་ཚེ་དབང་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ གི་ལོ་དེ་ གདོང་ལེན་ཅན་གྱི་ ལོ་ཅིག་ཨིན་མི་དེ་ཡང་ མང་ཤོས་ར་ འགྲུལ་འཕྲིན་མོ་བཱ་ཡལ་གྱི་ ཞབས་ཏོག་ལུ་བརྟེན་ བྱུང་ཡི་ཟེར་ཨིནམ་ད་ ཨིན་རུང་ ལོ་དེ་ནང་ འོང་འབབ་ཡང་ བཟོ་ཚུགས་ཅི་ཟེར་ཨིན་པས།
གདུང་བསམ་རྩི་ས་ལས་འཛིན་གྱིས་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༢༥༧༩.༤༣ བཟོ་ཡོདཔ་བཞིན་དུ་ ན་ཧིང་ འབད་བ་ཅིན་ དངུལ་ཀྲམ་ས་ཡ་༣,༣༨༧.༢༢ བཟོ་མི་དེ་ བརྒྱ་ཆ་༣༡ ཡར་སེང་འགྱོཝ་དང་གཅིག་ཁར་ ཟད་འགྲོ་ཡང་ དངུལ་ཀྲམ་ས་ཡ་༤,༡༤༢.༤༠ དེ་ཅིག་ ཡར་སེང་སོང་ནུག།
ཨིན་རུང་ ལོ་དེ་ནང་ སྤྱི་ལོ་༢༠༡༥ ལུ་ གྱོང་རྒུད་དངུལ་ཀྲམ་ས་ཡ་༡༠༣༩.༧༩ ལས་ ན་ཧིང་གི་ལོ་ནང་ དངུལ་ཀྲམ་ས་ཡ་༢༨༤.༦༠ དེ་ཅིག་ མར་བབས་སོང་ནུག།
ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ རྡོ་རྗེ་ནོར་བུ་གིས་ སླབ་མིའི་ནང་ ན་ཧིང་ ལས་སྡེ་གིས་ རྩི་ས་མེ་ཊིག་ཊཱོན་༥༨༨,༤༣༣ དང་ ཀི་ལིང་ཀར་ མེ་ཊིག་ཊཱོན་༥༢༠,༩༢༡ དེ་ཅིག་ ཐོན་སྐྱེན་འབད་ཚུགས་མི་ལུ་བརྟེན་ ད་རེས་ གྱོང་རྒུད་དུམ་གྲ་ཅིག་ མར་ཕབ་འབད་ཚུགས་ཅི་ཟེར་ཨིནམ་ད་ ད་ལས་ཕར་ ཐོན་སྐྱེན་ཚུ་ ཡང་སེང་སོང་མི་ལུ་བརྟེན་ འོང་འབབ་བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ སྤྱི་ལོ་༢༠༡༥ ལུ་ འོང་འབབ་ངེས་ཏིག་ དངུལ་ཀྲམ་ས་ཡ་༣༤.༡༩ བཟོ་ཡོད་མི་ལས་ ན་ཧིང་ མ་དངུལ་ས་ཡ་༡༢༠.༧༢ ལུ་ ཡར་སེང་ཡོད་རུང་ གྱོང་རྒུད་དངུལ་ཀྲམ་ས་ཡ་༣.༩༩ ཕོག་ནུག།
ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ སྐལ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ ལས་སྡེ་དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ལས་སྡེ་ཚུ་གི་གྲས་ལས་ ལས་སྡེ་གསརཔ་ཅིག་ཨིན་མི་ལས་སྡེ་དེ་ཡང་ སྤྱི་ལོ་༢༠༡༤ ལུ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་ངོ་དང་པའི་ནང་ ལས་འཛིན་ལུ་ གྱོང་རྒུད་དངུལ་ཀྲམ་ས་ཡ་༡༡.༣༩ ཕོག་ཡོདཔ་ཨིན་རུང་ ན་ཧིང་ སྤྱི་ཟླ་༨ པའི་ནང་ བསམ་གྲུབ་ལྗོངས་མཁར་ ཧབ་རང་ས་གཏེར་ འགོ་བཙུགས་མི་དེ་གིས་ དངུལ་ཀྲམ་ས་ཡ་༦༧.༦༩༨ བཟོ་མི་ལུ་བརྟེན་ གྱོང་རྒུད་མར་ཕབ་འབད་ཚུགས་ཅི་ཟེར་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་འོག་ལུ་ གློག་མེ་དང་ བརྒྱུད་འཕྲིན་ དངུལ་ཁང་ལ་སོགས་པ་བརྩིས་ཏེ་ ལས་འཛིན་༢༦ ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།