ཁྲལ་དགོངས་ཡངས་ལོག་སྤྱོད་ཀྱི་རྩོད་དོན་ ལོག་བཏང་ཡོད་རུང་ ཁྲིམས་ཀྱི་དང་ལེན་འབད་དགོཔ།

༉ དངུལ་རྩིས་ལྷན་ཁག་གིས་ ཐིམ་ཕུག་ཅང་བང་གྲུ་ལུ་ ཧོ་ཊཱལ་ རི་བར་ས་ཡེཌ་ཟ་ཁང་ལུ་ དངུལ་འབྲེལ་མཐུན་རྐྱེན་ཐོག་ ནང་འདྲེན་གྱི་ ཁྲལ་དགོངས་ཡངས་གནང་མི་དེ་ ལོག་སྤྱོད་འབད་ཡོད་པའི་ ཁ་ཉེས་ལུ་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་དེ་ ལོ་༡ དེ་ཅིག་གི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དོན་དེ་ ལྷན་ཁག་ལུ་ ལོག་བཏང་ནུག།
ཨིན་རུང་ ལྷན་ཚོགས་ཀྱིས་ ཁྲལ་ཟུར་ཐབས་འབད་མིའི་ནང་ འབྲེལ་གནད་ཡོད་མི་ པདྨ་རྣམ་རྒྱལ་དང་ འཕྲིན་ལས་དབང་ཕྱུག་༢ ལུ་ བདག་སྐྱོང་དང་ ཡང་ཅིན་ ཁྲིམས་མཐུན་དང་ལེན་འབད་དགོཔ་སྦེ་ སླབ་མི་དེ་ཡང་ ཞིབ་དཔྱད་སྐབས་ ནང་འདྲེན་འབད་བའི་སྐོར་ ཤེས་རྟོགས་ཡོད་མི་དང་ ཟ་ཁང་གི་ ཅ་ཅས་དག་པ་ཅིག་ ཟ་ཁང་གཞན་ཅིག་ནང་ ཁ་སྒྱུར་བཏང་པའི་ མངོན་གསལ་བྱུང་ནི་དེ་གིས་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢ ལུ་ ལྷན་ཚོགས་ཀྱིས་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་ལུ་ ཡི་གུ་བྲིས་མིའི་ནང་ པདྨ་རྣམ་རྒྱལ་དང་ འཕྲིན་ལས་དབང་ཕྱུག་༢ ཀྱི་བར་ན་ ཅ་ཆས་བཀྲམ་སྤེལ་གྱི་སྐོར་ མ་འགྲིགསཔ་བྱུང་མི་དེ་ ཞི་རྩོད་ཅིག་ཨིནམ་ལས་ དེ་གིས་ ཁྲལ་དབང་འཛིན་ཁ་ཐུག་ལས་ བདག་སྐྱོང་ ཡང་ཅིན་ ཁྲིམས་དང་འབྲེལ་བའི་ དང་ལེན་འབད་ནི་ལུ་ ཐོ་ཕོག་ནི་མི་འོང་ཟེར་བཀོད་ནུག།
དངུལ་རྩིས་ལྷན་ཁག་དང་ དམིགས་བསལ་དུ་ ཁྲལ་མཐོ་གཏུགས་བཀོད་ཚོགས་དེ་ ཚད་ལྡན་དབང་འཛིན་ཨིནམ་ལས་ ལག་ལེན་འཐབ་བཞིན་དུ་ཡོད་པའི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ལུ་ གཞི་བཞག་སྟེ་ འོས་ལྡན་གྱི་ ཐག་བཏོག་དགོ་ཟེར་ ཡི་གུ་ནང་བཀོད་ནུག།
གནད་དོན་དེ་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ལྷན་ཚོགས་ལུ་ བཏང་མི་དེ་ཡང་ ཟ་ཁང་གི་ ས་ཁོངས་ནང་ ཁྲལ་དགོངས་ཡངས་ཐོག་ ནང་འདྲེན་འབད་བའི་ ཅ་ཆས་ཚུ་ བརྟག་དཔྱད་འབད་བའི་སྐབས་ ཅ་ཆས་མེད་པའི་ཁར་ ཟ་ཁང་གི་ ཇོ་བདག་༢ ཡོད་མི་ལས་ པདྨ་རྣམ་རྒྱལ་གྱིས་ རྒྱ་ནག་ལས་ ཅ་ཆས་ནང་འདྲེན་འབད་འབདཝ་མེད་ཟེར་ སླབ་མི་ལུ་བརྟེན་ ངན་ལྷད་ལག་ལེན་ཡོད་པའི་ དོགས་པ་ཡོད་ནི་དེ་གིས་ ལྷན་ཚོགས་ལུ་ ཞིབ་དཔྱད་རྐྱབ་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
དེ་བསྒང་ པདྨ་རྣམ་རྒྱལ་གྱིས་ ཐིམ་ཕུག་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ལས་ ཅ་ཆས་ཚུ་ བརྟག་དཔྱད་འབད་བར་འོང་མི་ སྡེ་ཚན་ལུ་ མི་ཅིག་གིས་ ཟ་ཁང་གི་ མིང་ཐོ་ཁར་ ཅ་ཆས་ཚུ་ ཚུལ་མིན་གྱི་སྒོ་ལས་ ནང་འདྲེན་འབད་དེ་ ཁྲལ་དགོངས་ཡངས་ ལོག་སྤྱོད་འབད་ནུག་ཟེར་ སླབ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྔོན་འགྲོའི་བརྟག་ཞིབ་འབདཝ་ད་ ཟ་ཁང་གི་ཇོ་བདག་ པདྨ་རྣམ་རྒྱལ་དང་ དབང་ཕྱུག་གིས་ སྤྱི་ལོ་༢༠༡༤ ཟླ་༦ པའི་ཚེས་༢༠ ལུ་ འབྲུག་གི་ལྟ་བཤལ་ཚོགས་སྡེ་ལུ་ ནང་འདྲེན་གྱི་ ཆོག་ཐམ་དགོཔ་སྦེ་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ ཚོགས་སྡེ་གིས་ ཚོང་འབྲེལ་ལས་ཁུངས་ལུ་ ཆོག་ཐམ་གནང་དགོ་པའི་ གྲོས་འདེབས་བཀོད་ཡོད་པའི་ མངོན་གསལ་བྱུང་ནུག།
སྤྱི་ཟླ་༦ པའི་ཚེས་༢༣ ལུ་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཧོ་ཊཱལ་ རི་བར་ས་ཡེཌ་ཟ་ཁང་ལུ་ ཡུ་ཨེསི་ཌོ་ལར་༨༣,༢༧༠ འབདཝ་ད་ དངུལ་ཀྲམ་ས་ཡ་༥.༠༤༩ དེ་ཅིག་གི་ཅ་ཆས་ དཔེར་ན་ ནང་ཆས་དང་ བཙུགས་སྒྲིག་མཁོ་ཆས་ཚུ་ རྒྱ་ནག་ལས་ ནང་འདྲེན་འབད་ནིའི་ ཆོག་ཐམ་སྤྲོད་ཡོདཔ་ཨིན་པས།
ཅ་ཆས་ཚུ་ སྤྱི་ལོ་༢༠༡༤ ཟླ་༨ པའི་ཚེས་༡༡ ལུ་ ཕུན་ཚོགས་གླིང་ལུ་ལྷོད་དེ་ ཅ་དམ་ཡིག་ཚང་གིས་ སྤྱི་ཚེས་༡༩ ལུ་ ཉོགས་སེལ་ཐོག་ བཏང་ཡོདཔ་ཨིན་པས།
དེ་ལས་ ལོ་༢ དེ་ཅིག་གི་ཤུལ་ལས་ སྤྱི་ལོ་༢༠༡༦ ཟླ་༨ པའི་ཚེས་༡༢ ལུ་ ཐིམ་ཕུག་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ ཧོ་ཊཱལ་ རི་བར་ས་ཡེཌ་ས་ཁོངས་ནང་ བརྟག་ཞིབ་འབདཝ་ད་ ཁྲལ་དགོངས་ཡངས་ཐོག་ ནང་འདྲེན་འབད་མི་ ཅ་ཆས་མང་རབས་ཅིག་ ས་ཁོངས་ནང་མེད་པའི་ ངོས་འཛིན་བྱུང་མི་ལུ་བརྟེན་ ཟ་ཁང་དེ་ལུ་ ཁྲལ་དང་ཉེས་ཆད་དངུལ་ཀྲམ་ས་ཡ་༤.༡༥༩ བཀལ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྔོན་འགྲོའི་ཞིབ་དཔྱད་སྐབས་ པདྨ་རྣམ་རྒྱལ་གྱིས་ ཁྲལ་དགོངས་ཡངས་ཐོབ་པའི་ཤུལ་ལས་ རྒྱ་ནག་ལས་ ཅ་ཆས་ནང་འདྲེན་འབད་འབདཝ་མེདཔ་མ་ཚད་ ཁྲལ་དགོངས་ཡངས་ཐོབ་ཐོབ་མེད་ཟེར་ སླབ་ཡོདཔ་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ པདྨ་རྣམ་རྒྱལ་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཅང་བང་གྲུ་ལུ་ བཟོ་སྐྲུན་འབད་ཡོད་མི་ སྒྲིང་ཁྱིམ་ཀ་པ་དང་ཁ་པ་གཉིས་ཀྱི་ ཉལ་ཁང་༦༠ ཡོད་མི་ཚུ་ནང་ འཛིན་ཆས་བཙུགས་སྒྲིག་འབད་ནི་དང་ ཉལ་ཁྲི་དང་ གདན་དེ་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལས་ ལྷ་ཐིང་ཚོང་ལས་ཀྱི་མཉམ་རོགས་ འཕྲིན་ལས་དབང་ཕྱུག་ལུ་ རིན་གོང་དངུལ་ཀྲམ་ས་ཡ་༡༢.༢ སྦེ་ སྤྲོད་ཡོདཔ་བཞིན་དུ་ ཁོ་གིས་ སྔོན་བྱིན་རིམ་ཐེངས་༤ འབདཝ་ད་ བསྡོམས་ཀྱིས་དངུལ་ཀྲམ་ས་ཡ་༡༢ སྤྲོད་ཡོདཔ་ཨིན་རུང་ འཛིན་ཆས་དངུལ་ཀྲམ་ས་ཡ་༦.༩༤༡ དེ་ཅིག་ལས་བརྒལ་ བཙུགས་མ་བཏུབ་ཟེར་ཨིན་པས།
དེ་ཡང་ སྒྲིང་ཁྱིམ་ཀ་པའི་ནང་ དངུལ་ཀྲམ་ས་ཡ་༢.༨༡༥ དེ་ཅིག་གནས་པའི་ འཛིན་ཆས་དང་ ད་ལྟོའི་ཟ་ཁང་གི་ འཛིན་སྐྱོང་པ་ལུ་བཙོང་མི་ སྒྲིང་ཁྱིམ་ཁ་པའི་ནང་ དངུལ་ཀྲམ་ས་ཡ་༤.༡༢༥ ལྷགཔ་ཅིག་གི་ འཛིན་ཆས་བཙུགས་པའི་ཤུལ་ལུ་ ཁག་འབག་གི་ གན་ཡིག་བཟོ་མི་དང་འཁྲིལ་ འཕྲིན་ལས་དབང་ཕྱུག་གིས་ ཅ་ཆས་ཚུ་ བཀྲམ་སྤེལ་དང་ སྔོན་བྱིན་སྤྲོད་མི་ཡང་ རྩིས་སྒྲིག་འབད་མ་བཏུབ་ཟེར་ པདྨ་རྣམ་རྒྱལ་གྱིས་ བཤད་ཅི།
ཁོ་གིས་ ག་ཉེས་བཀལ་མི་དང་འཁྲིལཝ་ད་ འཕྲིན་ལས་དབང་ཕྱུག་གིས་ ཟ་ཁང་གི་ ངོ་སྦྱོར་ཡི་གུ་མེད་པར་ ཁྲལ་དགོངས་ཡངས་ལག་ཁྱེར་དང་ ནང་འདྲེན་ཆོག་ཐམ་ ལེན་ཡོདཔ་མ་ཚད་ ཁོ་ར་དང་ ཁོ་རའི་ཚ་བོ་ དབང་ཕྱུག་གི་ མིང་རྟགས་རྫུས་མ་རྐྱབ་སྟེ་ ཁྲལ་དགོངས་ཡངས་ལེན་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ལྷན་ཚོགས་ཀྱིས་ཡང་ པདྨ་རྣམ་རྒྱལ་ལུ་ འཕྲིན་ལས་དབང་ཕྱུག་གིས་ ཁྲལ་དགོངས་ཡངས་ལེན་མི་དང་ ཅ་ཆས་ནང་འདྲེན་འབད་ཡོད་མིའི་སྐོར་ ཤེས་རྟོགས་ཡོད་མེད་ བལྟ་ནིའི་དོན་ལུ་ ཞིབ་དཔྱད་འབདཝ་ད་ འཕྲིན་ལས་དབང་ཕྱུག་གིས་ སྤྱི་ལོ་༢༠༡༤ ལུ་ ཁོ་རའི་ཡོངས་འབྲེལ་གྱི་ ཁ་བྱང་བཟོ་ཐོག་ལས་ ཟ་ཁང་དེ་གི་ མིང་ཐོ་ཁར་ ནང་འདྲེན་གྱི་ ཁྲལ་དགོངས་ཡངས་ ཐོབ་བརྗོད་བཀོད་ཡོདཔ་མ་ཚད་ ཤུལ་ལས་ སྤྱི་ལོ་༢༠༡༥ ལུ་ པདྨ་རྣམ་རྒྱལ་གྱིས་ ཟ་ཁང་གི་ ཅ་ཆས་ཚུ་ རྒྱ་གར་ལས་ ནང་འདྲེན་འབདཝ་ད་ འཕྲིན་ལམ་དབང་ཕྱུག་གི་ ཡོངས་འབྲེལ་ཁ་བྱང་དེ་ ལག་ལེན་ཐོག་ ཁྲལ་དགོངས་ཡངས་ལེན་ཡོད་པའི་ མངོན་གསལ་བྱུང་ནུག།
སྒྲུབ་བྱེད་དེ་ལུ་བརྟེན་ པདྨ་རྣམ་རྒྱལ་གྱིས་ ཁྲལ་དབང་འཛིན་ལུ་ ཁོ་གི་ཟ་ཁང་གི་ མིང་ཐོ་ཁར་ རྒྱ་ནག་ལས་ ཅ་ཅས་ནང་འདྲེན་འབད་ཡོད་པའི་སྐོར་ ཤེས་རྟོགས་རྩ་ལས་མེད་ཟེར་ སླབ་ཡོད་མི་དེ་ ཆ་བཞག་མ་ཚུགས་ཟེར་ ལྷན་ཚོགས་ཀྱི་ ཡི་གུ་ནང་བཀོད་ནུག།
མ་གཞི་ རྩོད་དོན་དེ་ནང་ ངན་ལྷད་འཐབ་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་ མ་མཐོངམ་ལས་ ཞིབ་དཔྱད་འཕྲོ་མཐུད་འབད་དགོཔ་མེད་ལུ་བརྟེན་ ལོག་ལྷན་ཁག་ལུ་ བཏངམ་ཨིན་རུང་ ཁོང་༢ ལུ་ ཁྲིམས་ཀྱི་ངོས་ལེན་འབད་དགོ་ཟེར་ ལྷན་ཚོགས་ཀྱི་ ཡི་གུ་ནང་བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *