ཁྲལ་དགོངས་ཡངས་གནང་ཚར་མི་ཚུ་ ལོག་བསྡུ་ནི་གི་ འོས་འབབ་ཡོདཔ་ཨིན་ན?

༉ སྤྱི་ཚོགས་༢ པའི་ཚོགས་ཐེངས་༩ པའི་ནང་ རྩོད་འགྲན་སྦོམ་ཤོས་ར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་སྐོར་ལས་ བྱུང་ཡོདཔ་ཨིན་རུང་ ཚོགས་ཐེངས་མཇུག་བསྡུཝ་ད་ དངུལ་འབྲེལ་མཐུན་རྐྱེན་གྱི་ ལོ་རྒྱུས་ཡང་ འགྲོས་ཀྱིས་བཏང་སྟེ་ བརྗེད་འགྱོཝ་ཨིན་མས།
མ་གཞི་ རྒྱལ་ཡོངས་ཚོགས་སྡེ་དང་ ལྡོག་ཕྱོགས་ཚོགས་པ་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་གི་ཁ་ཐུག་ལས་ སྤྱི་ལོ་༢༠༡༦ ཟླ་དང་པ་ལས་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༧ ཚུན་ ཟླཝ་༡༦ ལྷགཔ་ཅིག་གི་རིང་ ཟ་ཁང་ཆེ་བ་དང་ ལྟ་བཤལ་ཚོང་འབྲེལ་ལ་སོགས་པ་ཚུ་ལུ་ ཁྲལ་དགོངས་ཡངས་གནང་མི་དེ་ ཚུལ་མིན་ཨིནམ་ལས་ ལོག་བསྡུ་དགོཔ་སྦེ་ མཁོ་འདོད་བཀོད་ཡོད་རུང་ ད་རེས་ནངས་པར་ གནད་དོན་དེ་གི་སྐོར་ལས་ ལོ་རྒྱུས་མ་སླབ་མི་གངམ་མིན་འདུག།
དེ་བསྒང་ འདི་བཟུམ་མའི་ དྲི་བཀོད་དང་ ཐ་ན་ བློན་ཆེན་དང་ དངུལ་རྩིས་བློན་པོ་ དགོངས་ཞུ་འབད་དགོ་པའི་ ཉེན་བརྡ་འབད་མི་དེ་ མི་མང་ལས་ རྒྱབ་སྐྱོར་དང་ ཡིད་ཆེད་འཐོབ་ནིའི་དོན་ལུ་ འབད་ཡོདཔ་ཨིན་ན?
ཨིན་རུང་ དངུལ་འབྲེལ་སྲིད་བྱུས་སྐོར་ལས་ རྗེས་དཔྱད་འབད་མི་ཚུ་གིས་ གནས་རིམ་དེ་ ག་ཅི་ནང་ ལྷོད་ཡོདཔ་ཨིན་ན་ ལྟ་ཞིབ་འབད་བའི་བསྒང་འདུག།
རྒྱལ་ཡོངས་ཚོགས་འདུ་གིས་ དངུལ་འབྲེལ་མཐུན་རྐྱེན་དཔྱད་ཡིག་༢༠༡༧ ཅན་མ་དེ་ ཏི་རུའི་དཔྱད་ཡིག་སྦེ་ ཆ་འཇོག་གྲུབ་ཡོད་མི་ལུ་བརྟེན་ དཔྱད་ཡིག་དེ་ སྤྱི་ཚོགས་ནང་ སྤྱི་ཟླ་༥ པའི་ཚེས་༨ ལུ་ འགོ་ཐོག་བཙུགས་པའི་ཉིནམ་ལས་ ཁྱབ་དབང་གི་ ཆ་གནས་གྲུབ་ཡོད་མི་དེ་ལུ་ སྤྱིར་བཏང་མི་མང་གིས་ ལེགས་བསྟོད་འབད་ཨིན་མས།
ཨིན་རུང་ གཞུང་གིས་ འགོ་ཐོག་སེམས་ཤུགས་མཐུན་རྐྱེན་ བསྟར་སྤྱོད་འབདཝ་ད་ སྤྱི་ཚོགས་ནང་ མ་བཙུགས་མི་དེ་ ཚུལ་མིན་གྲངས་སུ་ ཚུདཔ་ཨིན་རུང་ གཞུང་སྐྱོང་ཚོགས་པ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཁྲལ་དགོངས་ཡངས་གནང་མི་དེ་ གཞུང་གི་ཁེ་དབང་ཨིནམ་མ་ཚད་ རྩ་ཁྲིམས་ཆེན་མོ་དང་ ཁྲལ་གྱི་བཅའ་ཁྲིམས་ཚུ་དང་འཁྲིལ་ཨིནམ་ལས་ ཁྲིམས་ཀྱི་དགོངས་དོན་ཚུ་ལས་ འགལ་འགལཝ་མེད་ཟེར་ ཁུངས་སྐྱེལཝ་ཨིན་མས།
ད་རེས་ ཁྲལ་གྱི་རྩོད་རྙོགས་ཐོན་མི་དེ་ ཐེངས་དང་པ་མེན་པར་ སྤྱི་ལོ་༢༠༡༠ ལུ་ འདས་པའི་གཞུང་གིས་ སྤྱི་ཚོགས་ནང་ མ་བཙུགས་པར་ དབང་ཚད་ལོག་སྤྱོད་ཐོག་ སྣུམ་འཁོར་གྱི་ ཁྲལ་ཡར་སེང་འབད་མི་དང་བསྟུན་ དེ་བསྒང་ ད་ལྟོའི་གཞུང་ ལྡོག་ཕྱོགས་ཚོགས་པ་སྦེ་ ཕྱག་ཞུ་བའི་སྐབས་ ཁྲིམས་གཏུགས་འབདཝ་ད་ འཛིན་སྐྱོང་གིས་ བརྒྱུད་ཁྲལ་བཀལ་ནི་དང་ བསྒྱུར་བཅོས་འབད་ནིའི་ ཁྲིམས་མཐུན་གྱི་ གཞི་རྟེན་མེདཔ་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ སྣུམ་འཁོར་ནང་འདྲེན་འབད་མི་ཚུ་ལས་ ཁྲལ་བསྡུ་ལེན་འབད་མི་ཚུ་ ལོག་སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ ཁྲལ་དགོངས་ཡངས་གནང་མི་དེ་ ཚུན་མིན་གྱི་གྲངས་སུ་ ཚུད་མི་དེ་ཡང་ ཁྲལ་ཟེར་བའི་བསྒང་ལས་ ཐད་ཀར་གྱི་ཁྲལ་ཨིན་རུང་ བརྒྱུད་ཁྲལ་ཨིན་རུང་ ཁྲལ་གསརཔ་བཀལ་ནི་ ཡང་ཅིན་ བསྒྱུར་བཅོས་འབད་ནི་ལ་སོགས་པའི་ ཁྲལ་རིགས་ག་ར་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༣ པའི་དོན་ཚན་༢ པ་དང་འཁྲིལ་ དཔྱད་ཡིག་སྦེ་ བཙུགས་དགོཔ་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ ཁྲལ་དགོངས་ཡངས་གནངམ་ད་ སྤྱི་ཚོགས་ནང་ མ་བཙུགས་པས།
མ་གཞི་ ཁྲལ་དགོངས་ཡངས་གནང་མི་དེ་གིས་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁེ་ཕན་བྱུང་ཡོད་རུང་ གཞུང་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ནང་འཁོད་འོང་འབབ་བསྡུ་ལེན་ཐོག་ རྒྱུན་སྐྱོང་གི་ ཟད་འགྲོ་གཏང་དགོཔ་སྦེ་ འཁོད་དེ་ཡོད་མི་དང་ རྒྱབ་འགལ་སོང་ཡོདཔ་མ་ཚད་ རྒྱལ་ཁམས་ལུ་ སྐུ་གྱོང་ཕོག་ནུག།
འཛིན་སྐྱོང་གིས་ རྒྱལ་ཁབ་ཀྱི་ མི་ངོ་ཁ་ཤས་འབྱོར་པ་ཅན་ཚུ་ལུ་ ཁྲལ་འབབ་མ་བཀལ་བ་ཅིན་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༩ པ་དོན་ཚན་༧ པའི་ནང་གསལ་ དོ་ཟླ་མི་མཉམ་པའི་ འོང་འབབ་དང་ རྒྱུ་ནོར་གཅིག་དབང་གང་ཉུང་བཟོ་ནིའི་སྲིད་བྱུས་ཚུ་ ཡར་རྒྱས་གཏང་སྟེ་ བསྟར་སྤྱོད་འབད་ནི་དང་ ངོ་རྐྱང་ཚུ་དང་ རྒྱལ་ཁབ་ཀྱི་ ས་གནས་སོ་སོར་སྡོད་མི་ཚུ་གི་བར་ན་ དམངས་ཀྱི་མཐུན་རྐྱེན་ཚུ་ སྤྱི་སྙོམས་ཀྱི་ བཀྲམ་སྤེལ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན་རུང་ ཚོང་འབྲེལ་འཐབ་མི་ འབྱོར་པ་ཅན་ཚུ་ལུ་ ཁྲལ་ དགོངས་ཡངས་གནང་མི་དེ་གིས་ ཆུ་ཡོད་སར་ ཆར་རྐྱབ་ཟེར་ སླབ་སྲོལ་ཡོདཔ་བཟུམ་ཅིག་ ཡར་སོ་ནུག།
འདི་འབདཝ་ལས་ གནད་དོན་དེ་ དོགས་སྣང་དང་ ཡུན་འགྱངས་ཐོག་ལུ་ བཞག་ནི་མེན་པར་ ཁྲིམས་མཐུན་ཨིནམ་མེནམ་ གཏན་འཁེལ་བཟོ་ནིའི་དོན་ལུ་ ཁེ་རྒུད་མ་བཏུབ་མི་ རྩ་ཕན་གང་རུང་གིས་ ཁྲིམས་གཏུགས་འབད་ཐོག་ལས་ མཇུག་བསྡུ་གཏང་ནི་དེ་ ཁག་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *