ཁྱོསམ་དང་ཕྱག་མཇལ་གྱི་ བཅའ་ཡིག་གསརཔ་དེ་གིས་ ངན་ལྷད་མར་ཕབ་འབད་ཚུགས་པའི་རེ་བ།

༉ ཁྱོསམ་དང་ ཕྱག་མཇལ་བཅའ་ཡིག་༢༠༡༧ ཅན་མ་དང་འཁྲིལཝ་ད་ སྤྱི་གཡོགཔ་ཅིག་གིས་ སྤྱི་གཡོགཔ་གཞན་ཅིག་ལས་ ཁྱོསམ་དང་ཕྱག་མཇལ་ཚུ་ ཐད་ཀར་དུ་ ལེན་མ་ཆོག་པའི་ཁར་ ཐ་ན་ ཞུ་བསྐུལ་འབད་རུང་ ལེན་མི་ཆོག་ནི་ཨིན་པས།
ཨིན་རུང་ བཅའ་ཡིག་གསརཔ་དང་འཁྲིལཝ་ད་ གཉེན་སྦྱོར་དང་ ན་ཚ་ཕོག་པའི་སྐབས་ དེ་ལས་ ཨ་ལོ་གསར་སྐྱེས་དང་ ཤི་རྐྱེན་ ལ་སོགས་པའི་ རྒྱ་ལམ་ལས་འབྱུང་ནི་མེད་པའི་ དུས་ཚོད་ཚུ་ནང་ བཅའ་ཡིག་དེའི་དོན་ཚན་༤༧ པའི་ ཉ་པ་དང་འཁྲིལ་ ཉུང་མཐའི་རིན་ཐང་གི་ ཁྱོསམ་དང་ཕྱག་མཇལ་ཚུ་ བྱིན་ཆོག་ནི་ཨིན་པས།
དེ་མ་ཚད་ མི་༡ གིས་ དགོངས་ཞུ་འགྱོ་མི་དང་ ཡང་ན་ བློ་འདོད་ལྟར་དགོངས་ཞུ་འབད་མི་ གཞན་ཡང་ གནས་སོར་འགྱོ་མིའི་ གནས་སྟངས་ཚུ་ནང་ ཉུང་མཐའི་ཁྱོསམ་དང་ཕྱག་མཇལ་ཚུ་ བྱིན་ཆོག་ནི་ཨིན་པས།
ཨིན་རུང་ ཁྱོསམ་དང་ཕྱག་མཇལ་བྱིན་ནི་ལས་ བཀག་ཆ་འབད་དགོ་མི་དེ་ཡང་ བཀག་དམ་ཅན་གྱི་ འབྱུང་ཁུངས་ཅིག་ལས་ སྤྱི་གཡོགཔ་གང་རུང་གི་ བཟའ་གྲོགས་དང་ ཡང་ན་ བཟའ་གྲོགས་ལུ་བརྟེན་སྡོད་མི་ དེ་ལས་ མི་གཞན་བརྒྱུད་དེ་ སྤྲོད་མ་ཆོགཔ་ཨིན་པས།
ཨིན་རུང་ སྤྱི་གཡོགཔ་ཅིག་གིས་ གཞུང་འབྲེལ་གྱི་ གོ་གནས་ལུ་བརྟེན་མེན་པར་ རང་དོན་ཁོ་ན་ལུ་བརྟེན་ ལེན་ཆོག་ནི་ཨིན་རུང་ བཀག་དམ་ཅན་གྱི་ འབྱུང་ཁུངས་ལས་མེན་པའི་ བློ་གཏད་ཚུགས་པའི་ གནས་སྟངས་གསལ་སྟོན་འབད་དགོ་ནི་ཨིནམ་ད་ གཞན་སྤྱིར་བཏང་གིས་ཐོབ་མི་ ཁྱོསམ་ཨིན་པ་ཅིན་ ལེན་ཆོག་ནི་ཨིན་པས།
རང་དོན་གྱི་དོན་ལུ་ ཁྱོསམ་བྱིན་ཡོདཔ་ཨིན་པ་ཅིན་ ལས་སྡེ་དེའི་ འགོ་འཛིན་གྱིས་ ཐག་བཅད་དགོ་ནི་ཨིནམ་ད་ ལས་སྡེའི་འགོ་འཛིན་གྱིས་འཐོབ་ཡོད་པ་ཅིན་ ཁྱོསམ་དང་ཕྱག་མཇལ་ཚུ་ བདག་སྐྱོང་ཚོགས་ཆུང་གིས་ ཐག་བཅད་དགོ་ནི་ཨིན་པས།
སྤྱི་གཡོགཔ་ཚུ་གིས་ ཕྱི་རྒྱལ་ལས་ཕར་ འགྱོ་བའི་སྐབས་ལུ་ ཁྱོསམ་འཐོབ་ནིའི་དོན་ལུ་ རྒྱུད་བསྐུལ་འབད་མི་ཆོག་ནི་ཨིནམ་ད་ གུས་བཀུར་ཐོག་ལས་བྱིན་མི་ཐོན་པ་ཅིན་ ལེན་ཆོག་ནི་ཨིན་རུང་ དེ་མིན་ ཁྱོསམ་ཚུ་ རྒྱལ་ཁམས་ཀྱི་རྒྱུ་དངོས་སྦེ་ བརྩི་འཇོག་འབད་དགོ་ཟེར་ བཅའ་ཡིག་ནང་བཀོད་ནུག།
དེ་བཟུམ་སྦེ་ རང་སོའི་ཡིག་ཚང་གི་ངོ་ཚབ་སྦེ་ བཀག་དམ་ཅན་གྱི་འབྱུང་ཁུངས་དང་ འབྱུང་ཁུངས་གཞན་ཚུ་ལས་ ཁྱོསམ་དང་ཕྱག་མཇལ་དེ་ ཡིག་ཚང་ལུ་ གསལ་སྟོན་འབད་དགོ་ནི་ཨིན་པས།
ཁྱོསམ་ལེན་པའི་སྐབས་ལུ་ཡང་ ལས་སྡེ་གིས་ ལག་ལེན་འཐབ་བཏུབ་མི་བཏུབ་བལྟ་སྟེ་ ལེན་དགོ་ནི་ཨིནམ་ད་ རང་སོའི་ཡིག་ཚང་གིས་ ཁྱོསམ་དང་ཕྱག་མཇལ་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ བདག་སྐྱོང་པ་ཅིག་ བསྐོ་བཞག་འབད་དགོ་ནི་ཨིན་པས།
ཁྱོསམ་དང་ཕྱག་མཇལ་ཚུ་ བདག་སྐྱོང་ཚོགས་ཆུང་གིས་ བཅའ་ཡིག་དེ་ལས་ འགལ་བ་འབད་མི་ཚུ་ལུ་ ཉེས་བྱ་ཚུ་བཀལ་ཆོག་ནི་ཨིནམ་ད་ རང་སོའི་ཡིག་ཚང་གི་ ཀུན་སྤྱོད་རྣམ་གཞག་ནང་ཡང་ བཅའ་ཡིག་དེའི་དགོངས་དོན་ཚུ་ ཚུད་དགོ་ནི་ཨིན་པས།
ཨིན་རུང་ ཁྱོསམ་ཚུ་གསལ་སྟོན་འབད་བའི་ཤུལ་ལས་ ཚོགས་ཆུང་གིས་ ལྟ་ཞིབ་འབདཝ་ད་ མི་ངོ་དེ་གིས་ ལེན་ཆོག་པའི་རིགས་ཨིན་པ་ཅིན་ ལོག་སྤྲོད་དགོ་ནི་ཨིན་པས་ བཅའ་ཡིག་གསརཔ་དེ་གིས་ སྤྱི་ལོ་༢༠༠༩ ལོ་ལུ་བརྩམས་མི་ ཁྱོསམ་དང་ཕྱག་མཇལ་གྱི་བཅའ་ཡིག་དེ་ ཆ་མེད་འགྱོཝ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཕར་ལོགསམ་ལས་ རང་ལུ་གྲོགས་རམ་ལ་སོགས་པ་ དགོ་པའི་རེ་བ་མེད་པ་ཅིན་ ཁྱོསམ་ལ་སོགས་པ་ཚུ་ཡང་ བྱིན་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
བཅའ་ཡིག་གསརཔ་དེ་གིས་ ཧེ་མ་བཟུམ་མེན་པར་ ཁྱོསམ་དང་ཕྱག་མཇལ་ཚུ་ གསལ་སྟོན་འབད་སའི་ ས་ཁོངས་ཡོདཔ་ལས་ དེ་གིས་ ཡིག་ཚང་ནང་ཡོད་མི་ཚུ་གིས་ དབང་ཚད་ལོག་སྤྱོད་ཚུ་ མར་ཕབ་འབད་ཚུགས་ནི་ཨིནམ་ལས་ ངན་ལྷད་ཡང་ མར་ཕབ་འབད་ཚུགས་པའི་ ཁེ་ཕན་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *