ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

ཐིམ་ཕུག་ ལྷོ།

བློ་གྲོས་ཚེ་རིང་།
སྐྱེས་ལོ་ ༥༠།
ཉམས་མྱོང་ གཤག་བཅོས་གྲོས་བསྟུན་པ་དང་ ཆབ་རྟག་རིག་པའི་མཁས་མཆོག།
ཤེས་ཚད་ ཨེམ་བི་བི་ཨེསི་ སྤྱིར་བཏང་གཤག་བཅོས་དང་ ཚོང་འབྲེལ་བདག་སྐྱོང་ནང་ གཙུག་ལག་གོང་མ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཁ་དང་ལགཔ་རྟགས་མཐུན་ནི།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ང་གི་ སྤྱིར་བཏང་རྒྱལ་ཁབ་ལུ་ དམིགས་པ་བསྐྱེད་དོ་བཟུམ་སྦེ་ ལྷོ་ཐིམ་ཕུག་གི་དོན་ལུ་ཡང་ དམིགས་གཏད་བསྐྱེད་ནི། ཐིམ་ཕུག་ཁྲོམ་ཁར་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་བསལ་ནི་དང་ འཁོར་ལམ་གྱི་སྤུས་ཚད་ལེགས་བཅོས་འབད་ནི་ འཐུང་ཆུའི་དཀའ་ངལ་བསལ་ནི་ དེ་ལས་ བཟོ་སྐྲུན་གྱི་ཁྲིམས་ལུགས་དེ་ བསྐྱར་ཞིབ་འབད་ནི་དང་ ཐིམ་ཕུག་ལུ་ སྒྲིང་ཁྱིམ་ཐོག་ཚད་ མཐོ་དྲག་དང་ རེ་ལི་ཆུང་ཀུ་ དེ་ལས་ གློག་འཁོར་ཚུ་ གཞི་བཙུགས་འབད་ནིའི་ མནོ་བསམ་གཏང་ནི་འགོ་བཙུགས་སྟེ་ཡོད།
ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
གོང་འཕེལ་གྱི་དོན་ལུ་ བསྒྱུར་བཅོས་འབད་ནིའི་ གདམ་ཁ་བྱིན་མི་དེ་ལུ་ སེམས་དགའ་སྟེ་ཡོདཔ་ད་ སྤྱིར་བཏང་མི་སེར་ཚུ་ དགའ་བ་དང་ གཟུགས་ཁམས་ལེགས་ཤོམ་མེད་པ་ཅིན་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་མི་ཚུགས།
ད་ཚུན་གྱི་རིང་ སྤྱི་ཚོགས་ཀྱི་བཙག་འཐུ་ ཐེངས་༣ ཆ་རའི་ནང་ ངན་ལྷད་དང་ མགུ་རྙོགས་ཅན་གྱི་ ལམ་ལུགས་ཚུ་བྱུང་སྟེ་ འདུག། ཨིན་རུང་ མཉམ་རུབ་ཚོགས་པ་དེ་ དུས་ཅི་ སྤྱིར་བཏང་བཙག་འཐུ་ནང་ འགོ་དང་པ་ བཅའ་མར་གཏོགས་དོ་ཡོདཔ་ལས་ དེ་བཟུམ་གྱི་བྱ་རིམ་བྱུངམ་ད་ ང་བཅས་ལུ་ ཁ་གཏང་ནི་མི་འོང་། དེ་འབདཝ་ལས་ འབྲུག་མི་ག་ར་འབད་རུང་ སྲིད་དོན་དང་ལུང་ཕྱོགས་ ཡང་ན་ ཆོས་ལུགས་ཀྱི་བར་ན་ དབྱེ་བ་ཕྱེ་ནི་ལས་འཛེམ་དགོ།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ང་བཅས་ཀྱི་རྒྱལ་ཁབ་འདི་ གོང་འཕེལ་འགྱོ་བའི་བསྒང་དང་ རྒྱལ་ཁབ་ཆུང་ཀུ་ཅིག་འབདཝ་ལས་ གདོང་ལེན་ཆེ་ཤོས་ར་ རང་མགོ་རང་འདྲོངས་བཟོ་ནི་དང་ ཕྱིའི་རྒྱལ་ཁབ་ཀྱི་གྲོགས་རམ་ལུ་བརྟེན་དགོ་པའི་བར་ན་ ཚད་མཉམ་མེད་མི་དེ་ཨིན་པས།
མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
བསྒྱུར་བཅོས་འབད་ནི་ལུ་ འབད་ཆོག་ཆོག་མེད་པ་ཅིན་ གྲུབ་འབྲས་ག་ནི་ཡང་མི་འཐོན། གྲུབ་འབྲས་ལེགས་ཤོམ་དེ་ སྤྱི་སྲོལ་ལས་ འདས་མི་ཅིག་འབདཝ་ད་ འབྱུང་ནི་ཨིནམ་ལས་ མཉམ་རུབ་ཀྱིས་ གནས་སྐབས་བཏོན་བྱིན་དོ། ང་དང་གཅིག་ཁར་ ཁ་དང་ལགཔ་རྟགས་མཐུན་མི་དང་ བརྩོན་ཤུགས་ཅན་གྱི་ མཉམ་རོགས་ཚུ་ཡོད། ཁྱད་རིག་ཅན་གྱི་ སྲིད་དོན་བཟོ་སྟེ་ སྤྱི་ལོ་༢༠༢༣ ལུ་ བཙག་འཐུ་ནང་ ཁྱད་རིག་ཐོག་ལས་ དོ་འགྲན་འབད་འོང་།
ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
རྒྱབ་སྐྱོར་པ་ཚུ་ལུ་ བཀྲིན་བསམ་ཞིནམ་ལས་ ཚོགས་པ་གཞན་གྱི་ ཁས་བླངས་གསལ་བསྒྲགས་ནང་ལས་ ང་བཅས་ཀྱི་ལྟ་བ་ ཁྱད་པར་ཉུང་སུ་བཟོ་ནི་དང་ མཐུན་པའི་ཁས་བླངས་ཚུ་ དང་ལེན་འབད་ནི་དང་ བཙག་འཐུ་ལུ་བརྟེན་ དབྱེ་བ་ཕྱེས་ཡོད་མི་ཚུ་ བསལ་ཞིནམ་ལས་ གཅིག་སྒྲིལ་བཟོ་ནི་ཨིན།
མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ཚུལ་མཐུན་ལག་ལེན་འཐབ་པ་ཅིན་ ཕན་ཁྱད་ཡོད་རུང་ མི་ངོ་རྫུས་མ་བཟོ་སྟེ་ མ་བདེན་པའི་གཏམ་ཚུ་བཤད་དེ་ ཚོགས་པ་དང་ འདེམས་ངོ་ཚུ་ དམའ་ཕབ་འབད་མི་ཡང་འདུག། ང་བཅས་ཀྱིས་ སྐྱོན་བརྗོད་འབད་མི་ལུ་ དང་ལེན་འབད་དོ་ཡོདཔ་ཨིན་རུང་ མི་ངོམ་དེ་ ངོ་མ་དགོཔ་ཨིན། དེ་བཟུམ་གྱི་བྱ་རིམ་དེ་ཡང་ སྤྱི་ལོ་༢༠༠༨ ལས་ཚུར་ བྱུང་སྟེ་ཡོདཔ་ལས་ གདོང་སྡེབ་ཕེསི་བུག་གིས་ མི་ལ་ལོ་ཅིག་ལུ་ དམའ་ཕབ་འབད་ནི་དང་ དྲག་རྒོལ་འབད་ནི་ དགོད་བྲོ་བཟོ་ནིའི་ གོ་སྐབས་ཡང་བྱིནམ་མས། ང་གིས་ ཤེས་ཡོན་ཅན་གྱི་མི་ཚུ་ལུ་ གནད་དོན་དེ་ཚུ་ ཕྱིར་བཏོན་འབད་དགོཔ་སྦེ་ དྲན་བསྐུལ་འབད་ཡོདཔ་བཞིན་དུ་ དེ་དང་འཁྲིལ་འབད་བ་ཅིན་ ནམ་ཅིག་གི་ཚེ་ དེ་ཚུ་རྩ་མེད་འགྱོ་འོང་།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *